English

རྒྱལ་ཡོངས་གསུང་རྟེན་བརྟག་ཞིབ།

རྒྱལ་ཡོངས་ནང་དཀོན་དྲག་དང་གལ་གནད་ཆེ་བའི་རྩོམ་རིག དེ་ལས་གསུང་རབ་སཀྱི་རིགས་ཚུ་འཚོལ་ཏེ་ ཉེན་སྲུང་འབད་ནིའི་དོན་ལས་ ཌེ་ནི་ཌའི་ ལས་འགུལ་གྱི་མ་དངུལ་ཐོག་ ཞིབ་འཚོལ་སྡེ་ཚན་ དང་ འཕྲུལ་རིག་སྡེ་ཚན་ གཉིས་ མཉམ་རུབ་ཀྱི་འབད་དེ་རྒྱལ་ཁབ་ནང་དཀོན་དྲག་པའི་ཕྱག་དཔེ་དང་ གསུང་རབས་ཚུ་ཞིབ་འཚོལ་འབད་བའི་བསྒང་ཡོད།

གསུང་རྟེན་བརྟག་ཞིབ་ནང་ལུ་ ཤིན་ཏུ་དཀོན་པའི་གསུང་རབས་ཀྱི་མཚན་བྱང་དང་ ས་གནས་ཀྱི་ཁ་བྱང་ཁ་གསལ་ཚུ་བཀོད་དེ་མ་འོངས་པའི་དོན་ལུ་ ཐོ་བཀོད་འབདཝ་ཨིནམ་མ་ཚད་ དམིགས་བསལ་དུ་ ཞིབ་འཚོལ་ལས་ཚན་གྱི་འགན་ཁུར་འདི་ དཀོན་དྲག་ཅན་གྱི་གསུང་རབས་ཚུ་ངོས་འཛིན་འབད་ནི་དང་ འཚོལ་འཐོབ་པའི་བྲིས་མ་དང་དཔར་མའི་ཕྱག་དཔེའི་དཀར་ཆག་དང་ ས་གནས་ཀྱི་ཁ་བྱང་གསལ་བཀོདའབད་ནི་དང་ཡང་ན་ ཕྱག་དཔེ་འདི་ཚུ་ ཆུང་བཟོ་འཕྲུལ་ཆས་ (Microfilmimg) བཏབ་ནིའི་དོན་ལུ་ རྒྱལ་ཡོངས་དཔེ་མཛོད་ཁང་ནང་འབག་འོང་དགོཔ་ཨིན།།

འབྲུག་རྒྱལ་ཁབ་ནང་ལུ་ རྫོང་ཁག་གི་གཡུས་སྒོ་མང་ཤོས་ཅིག་གི་ནང་ལུ་ སྟོང་ཕྲག་གཉིས་ལས་ལྷག་པའི་གཞུང་དབང་ལྷ་ཁང་དང་དགོན་སྡེ། དེ་ལས་སྒེར་གི་ལྷ་ཁང་མང་རབས་ཅིག་ཡོདཔ་ཨིན། ད་ལྟོ་ཚུན་ཚོད་ཀྱི་བར་ན་གསུང་རྟེན་བརྟག་ཞིབ་སྡེ་ཚན་གྱིས་ ཐིམ་ཕུག་དང་བུམ་ཐང་། སྤ་རོ་དང་ཧཱ། བསམ་རྩེ་དང་ཆུ་ཁ། དབང་འདུས་དང་མགར་ས། བཀྲིས་སྒང་དང་པདྨ་དགའ་ཚལ། བསམ་གྲུབ་ལྗོངས་མཁར་དང་ཀུར་སྟོད། དར་དཀར་ན་དང་རྩི་རང་། གསར་སྤང་དང་གཞལམ་སྒང་རྫོང་ཁག་གི་གཡུས་སྒོ་ཚུ་ནང་ཡོད་པའི་ ལྷ་ཁང་དང་དགོན་སྡེ་ཚུ་ནང་ལུ་ གསུང་རྟེན་གྱི་བརྟག་ཞིབ་འབད་ཚར་ཏེ་ཡོདཔ་ཨིན།།

ད་ལྟོ་ཚུན་ཚོད་ སྡེ་ཚན་དེ་གིས་རྫོང་ཁག་ཚུ་ནང་གསུང་རྟེན་གྱི་བརྟག་ཞིབ་ལུ་སོང་སྟེ་ རྒྱལ་ཁབ་ནང་ལུ་དཀོན་དྲགས་ཅན་གྱི་ཕྱག་དཔེ་ ༣,༩༠༣ ཙམ་འཐོབ་སྟེ་ དེ་ཚུ་ག་ར་ཐོ་གཞུང་ནང་ལུ་བཙུགས་ཏེ་ཡོད། དེའི་ནང་ལས་ཤིན་ཏུ་དཀོན་པའི་གསུང་རྟེན་ཚུ་ ཆུང་བཟོ་འཕྲུལ་ཆ་ (Microfilm) གིས་དཔར་བཏབ་སྟེ་ཉེན་སྲུང་འབད་དེ་ཡོདཔ་མ་ཚད་ གསུང་རྟེན་བརྟག་ཞིབ་མ་འབད་བའི་ རྫོང་ཁག་ལྷག་ལུས་ཀྱི་ལྷ་ཁང་དང་དགོན་སྡེ་ཚུ་ནང་ལུ་ཡང་ དཀོན་དྲག་ཅན་གྱི་གསུང་རྟེན་ཚུ་འཚོལ་ཞིབ་ཀྱི་ལཱ་འཕྲོ་མཐུད་དེ་འབད་ནི་ཨིན།།

འབྲུག་རྒྱལ་ཁབ་ཀྱི་ལྷ་ཁང་དང་དགོན་སྡེ་ཚུ་ནང་ལུ་ གསུང་རྟེན་བརྟག་ཞིབ་འབད་དགོ་པའི་དམིགས་ཡུལ་འདི་ རྒྱལ་ཡོངས་དཔེ་མཛོད་ནང་ལུ་དཀོན་དྲག་ཅན་གྱི་གསུང་རབས་ཀྱི་མཚན་བྱང་དང་དཀར་ཆག དེ་ལས་སྦྱིན་བདག་དང་ས་གནས་ཀྱི་ཁ་བྱང་ཚུ་ ཁ་གསལ་འབད་ཐོ་བཀོད་བརྐྱབ་སྟེ་བཞག་ནིའི་དོན་ལུ་ཨིན། དེ་སྦེ་དཔེ་མཛོད་འདི་ནང་ལུ་ཐོ་བཀོད་བརྐྱབས་ཏེ་ཡོད་མི་ཚུ་ མ་འོངས་པ་ལུ་འབྲུག་རྒྱལ་ཡོངས་དཔེ་མཛོད་ཀྱིས་ རྒྱལ་ཡོངས་རྒྱབ་རྟེན་དེབ་ཐོའི་གཞུང་ཆ་ཚང་གཅིག་ དཔར་བསྐྲུན་འབད་ནིའི་རེ་བ་བསྐྱེད་དེ་ཡོདཔ་ཨིན།།