རྒྱལ་ཡོངས་ཡིག་ཆའི་གཏན་མཛོད་ཁང་།

རྒྱལ་ཡོངས་ཡིག་ཆའི་གཏན་མཛོད་ཁང་གི་འགན་ཁུར་འདི་ སྔོན་མའི་ཡིག་ཆ་རྙིངམ་ཚུ་གིས་ གཙོས་པའི་ད་ལྟོ་གི་ཡིག་རིགས་ཚུ་དང་ མ་འོངས་པའི་ཡིག་ཆ་ཚུ་ག་ར་ ཤུལ་མའི་བུ་བརྒྱུད་ཚུ་གི་མཐའ་དོན་ལུ་བསྡུ་གསོག་འབད་དེ་ མི་ཉམས་བདག་བཛིན་འཐབ་སྟེ་བཞག་ནི་དང་ རྒྱུན་སྐྱོང་འབད་ནི་འདི་ཨིན༎
གནམ་ལོ་ ༢༠༠༠ དབྱིན་ཟླ་ ༦ པའི་ནང་ལུ་ ཌེན་མརྐ་དང་འབྲུག་རྒྱལ་གཞུང་གཉིས་ཀྱི་བར་ན་ རྒྱལ་ཡོངས་ཡིག་ཆའི་མཛོད་ཁང་ངམ་ གཏན་མཛོད་ཁང་གི་དན་ལུ་ སྒྲིང་ཁྱིམ་ཐོག་ཚད་གཉིས་འབད་མི་དང་ དེའི་ནང་ན་མེ་རྐྱེན་གྱི་ཉེན་བརྡ་བྱིན་ནིའི་འཕྲུལ་ཆས་ བསིལ་དྲོད་དང་རློན་གཤེར་ཚད་འཛིན་འབད་ནིའི་ དེང་སང་གི་འཕྲུལ་ཆས་དང་ལྡན་པའི་ སྒྲིང་ཁྱིམ་བརྐྱབ་ནི་འབད་ ཆིངས་ཡིག་གུར་མཚན་རྟགས་བཀོད་གནངམ་བཞིན་དུ་ གནམ་ལོ་ ༢༠༠༤ ལོ་ལུ་བསྒྲུབས་ཡོདཔ་ཨིན༎
རྒྱལ་ཡོངས་དྲན་རྟེན་ཁང་།
ཡིག་ཆའི་མཛོད་ཁང་ནང་ལུ་ག་ནི་བ་ཁག་ཆེ་བའི་ སྔོན་དང་ཕུགས་ཀྱི་ཡིག་ཆ་དང་ གཏང་ཡིག་རྙིངམ་ཚུ་ གྱངས་ཁ་བརྐྱབ་པ་ཅིན་ སྟོང་ཕྲག་བདུན་ལས་ལྷགཔ་སྦེ་ཡོཔ་པའི་ དཔར་དང་པར་ཡིག་གི་རིགས་ཚུ་ག་ར་ ཆུང་བཟོ་འཕྲུལ་ཆ་ (Microfilm) གི་ཐོག་ལུ་བཟོ་སྟེ་ཡོདཔ་མ་ཚད་ ཤིན་ཏུ་དཀོན་དྲགས་པའི་དཔེ་ཆ་ཚུ་དང་ པར་མའི་ཕྱག་དཔེ་ཚུ་བསྡུ་ལེན་འབད་དེ་ཡོད་མི་ ག་ར་ཉེན་སྲུང་འབད་དེ་ཡོདཔ་ལས་ མ་འོངས་པ་ལུ་ ད་ལྟོ་ང་བཅས་ཚུ་གིས་མཁོ་བསྒྲུབས་འབད་དེ་ཡོད་པའི་ ཡིག་ཆ་དེ་ཚུ་གིས་ རྒྱལ་ཡོངས་དྲན་རྟེན་ཁང་གཅིག་གཞི་བཙུག་འབད་ནི་ཨིནམ་ལས་ དེའི་གཞི་རྟེན་བཟུམ་ཅིག་ལུ་དམིགས་ཏེ་ དཀོན་དྲགས་ཅན་གྱི་ཕྱག་དཔེ་དང་ ཡིག་རིགས་བསྡུ་གསོག་འབདཝ་ཨིན༎
རྒྱལ་ཡོངས་ཡིག་ཆའི་མཛོད་ཀྱིས་ ད་ལྟོ་ཡོད་པའི་མཛོད་ཁང་འདི་ རྒྱལ་ཡོངས་དྲན་རྟེན་ཁང་འབད་བཟོ་ནི་གི་དོན་ལས་ རྒྱལ་ཁབ་ནང་ལུ་ཡོད་མི་དང་ རྒྱལ་ཁབ་ཕྱི་ཁ་ལུ་བཞུགས་མི་ གཙུག་སྡེ་དང་སྒེར་པ་སོ་སོ་ཚུ་ལུ་ གསོལ་འདེབས་གཅིག་ཞུ་བ་ཅིན་ ང་བཅས་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་དང་ འབྲེལ་བའི་གལ་གནད་ཅན་གྱི་ཡིག་ཆའི་རིགས་དང་ ཡིག་ཆ་མིན་པའི་རིགས་ག་ཅི་བཟུམ་སྦེ་རུང་ མ་འོངས་པའི་མཐའ་དོན་ལུ་ དེའི་འདྲ་དཔར་ཡང་ན་ འདྲ་བཤུས་གཅིག་གཉིས་རེ་ཞལ་འདེབས་སྦེ་ གནང་བཀྲིན་བསྐྱང་ཟེར་ཞུ་ནི་ཨིན༎
ཆུང་བཟོ་འཕྲུལ་ཆའི་ (Microfilm) མཐུན་རྐྱེན་དང་ཞབས་ཏོག
འབྲུག་རྒྱལ་ཡོངས་དཔེ་མཛོད་ཀྱིས་ འབྲུག་རྒྱལ་ཁབ་ཀྱི་ནང་འཁོད་ལུ་ཡོད་མི་ གཙུག་སྡེ་དང་སྒེར་པའི་ནང་ལུ་ ཤིན་ཏུ་དཀོན་པའི་ཕྱག་དཔེའི་རིགས་ མངའ་སྟེ་ཡོད་མི་ཚུ་ལུ་ ད་ལས་ཕར་ རིན་མེད་སྟོང་པར་ ཆུང་བཟོ་འཕྲུལ་ཆ་གིས་པར་བཏབ་ནིའི་ཞབས་ཏོག་ (Microfilming Facility) བྱིན་ནི་ཨིན། དེ་བཟུམ་མའི་ཞབས་ཏོག་བྱིན་མི་དེ་ཡང་ ཕྱག་དཔེའི་མ་དཔེ་ཚུ་ཉམས་སོང་རུང་ དེའི་འདྲ་བཤུས་དེ་ཚུ་ཡུན་བརྟན་འབད་བཞག་ནིའི་ནུས་པ་ཡོདཔ་ལས་བརྟེན་ མི་དམངས་ག་ར་ལུ་ སེམས་ཤུགས་སྐྱེད་བཅུག་ནིའི་དོན་ལས་ དེ་བཟུམ་མའི་ཕྱག་དཔེ་ཡོད་པ་ཅིན་ དཔེ་མཛོད་ནང་འབག་འོང་སྟེ་པར་བཏབ་པ་ཅིན་ བཀྲིན་ལེགས་སོའི་བརྡ་མཚོན་ལུ་ མ་དཔེ་དཔེ་ཆ་དེ་དང་སྦྲགས་ཏེ་ འདྲ་བཤུས་གཅིག་ཡང་བྱིན་ནི་དང་ དེ་ལས་དེའི་འདྲ་དཔར་གཅིག་དཔེ་མཛོད་ནང་ ཉེན་སྲུང་དང་བདག་འཛིན་འཐབ་སྟེ་བཞག་ནི་ཨིན༎
ཉེན་སྲུང་དང་ མི་ཉམས་རྒྱུན་སྐྱོང་།
ཡིག་ཆའི་མཛོད་ཁང་འདི་ནང་ལུ་ མང་ཤོས་ར་ ཤོ་གུ་དང་འབྲེལ་བ་ཡོད་མི་ཡིག་ཆ་དང་ ཕྱག་དཔ། དེ་ལས་དཔེ་དེབ་ཀྱི་རིགས་ཙང་ཙ་རང་ཨིནམ་ལས་ དེ་ཚུ་ག་ར་ རྫས་སྦྱོར་སྣ་ཚོགས་བླུགས་ཏེ་ པར་བསྐྲུན་འབད་འབདཝ་ཨིན། དེ་འབདཝ་ལས་བརྟེན་ རྫས་སྦྱོར་དེ་ཚུ་གིས་ ཤོ་གུ་ཚུ་ཕྲལ་མགྱོགས་འབད་མེདཔ་བཏངམ་ལས་ ཡིག་ཆ་དེ་ཚུ་ཉམས་སྲུང་དང་རྒྱུན་སྐྱོང་གི་དོན་ལུ་ རྫས་སྦྱོར་གྱི་གནོད་རྐྱེན་བཀག་ཐབས་དང་ གསུང་རབ་རྙིངམ་ཉམས་འགྱོ་ནིའི་ཉེན་ཁག་ཡོད་མི་ཚུ་ཡང་ མ་འོངས་ཡུན་བརྟན་བཞག་ཐབས་ལུ་དང་ མི་ཉམས་རྒྱུན་སྐྱོང་འཐབ་ནིའི་དོན་ལུ་ བརྩོན་ཤུགས་སྐྱེདཔ་ཨིན༎
འབྲུག་རྒྱལ་ཡོངས་དཔེ་མཛོད་ཀྱི་བཅོལ་འཇོག་བཅའ་ཁྲིམས།
གནམ་ལོ་ ༡༩༩༩ ལོའི་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ཚོགས་ཐེངས་ ༧༧ པའི་ནང་ ཡིག་ཐོག་ལུ་བཀོད་ཡོད་པའི་ འབྲུག་རྒྱལ་ཁབ་ཀྱི་སྔོན་བརྒྱུད་ཀྱི་ཡིག་ཆ་དང་ མཛད་ཤུལ་ཚུ་ བསྡུ་ལེན་འབད་དེ་བདག་འཛིན་འཐབ་ནི་དང་ འཛིན་སྐྱོང་འབད་ནི་གི་བཅའ་ཁྲིམས་འདི་ ཆ་འཇོག་གནངམ་ལས་ཚུར་ བཅའ་ཁྲིམས་དེ་དང་འཁྲིལ་ཏེ་ ཡིག་ཆས་རིགས་ཀྱི་འདྲ་དཔར་ཚུ་ཡང་ ཡིག་ཆས་མཛོད་ཁང་ནང་གསོག་འཇོག་འབད་བཞགཔ་ཨིན༎
བཅོལ་འཇོག་བཅའ་ཁྲིམས་ཀྱི་བཅུད་དོན།
ཡིག་ཐོག་ལུ་བཀོད་ཡོད་པའི་ འབྲུག་རྒྱལ་ཁབ་ཀྱི་སྔོན་བརྒྱུད་ཀྱི་ཡིག་ཆ་དང་ མཛད་ཤུལ་ཚུ་བསྡུ་ལེན་འབད་དེ་བདག་འཛིན་འཐབ་ནི་དང་ འཛིན་སྐྱོང་འབད་ནིའི་བཅའ་ཁྲིམས་འདི་ འབྲུག་རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ཚོགས་ཐེངས་ ༧༧ པའི་ནང་ལས་ཆ་འཇོག་མཛད་གནང་ཡོདཔ་ལས་བརྟེན་ བཅའ་ཁྲིམས་འདི་ འབྲུག་རྒྱལ་ཁབ་ཡོངས་ལུ་དབང་ཁྱབ་ཡོདཔ་མ་ཚད་ འབྲུག་མི་ཕྱིའི་རྒྱལ་ཁབ་ནང་སྡོད་མི་ཚུ་ལུ་ཡང་དབང་ཁྱབ་ཡོདཔ་ཨིན༎
བཅོལ་འཇོག་གི་བཅའ་ཁྲིམས་འདི་ནང་ལུ་ དཔར་བསྐྲུན་འབད་དེ་ཡོད་མི་ཡིག་ཆའི་རིགས་དང་ པར་ཐོག་ལུ་མེད་མི་ (འཕྲུལ་ཆས་ཐོག་ལུ་ཡོད་མི་མཐོང་ཐོས་དང་འཕྲུལ་ཆའི་ཡིག་རིགས) ག་ཅི་རང་འབད་རུང་ དཔར་བསྐྲུན་བཀྲམ་སྤེལ་འབད་དེ་ ཟླ་ངོ་གསུམ་གྱི་ནང་འཁོད་ལུ་ དེའི་འདྲ་དཔར་ རྒྱལ་ཡོངས་དཔེ་མཛོད་དང་ཡིག་ཆའི་མཛོད་ཁང་ནང་ལུ་ རིན་མེད་སྟོང་དཔར་བཅོལ་འཇོག་འབད་དགོཔ་ཨིན༎
ཡིག་ཆ་དེ་ཚུ་ གཞུང་དང་གཞུང་དབང་ལས་ཁུངས།དེ་བཟུམ་སྦེ་ གཞུང་འབྲེལ་གྱི་ལས་ཕྲན་དང་ལས་སྡེ་ཚུ་གིས་བཀྲམ་སྤེལ་འབད་འབདཝ་ཨིན་པ་ཅིན་ དཔར་བསྐྲུན་འབད་མི་ལས་ འདྲ་དཔར་ ༡༠ དང་ དཔར་བསྐྲུན་འབདཝ་མིན་པ་ལས་ འདྲ་དཔར་ ༥ རེ་རྒྱལ་ཡོངས་དཔེ་མཛོད་དང་ཡིག་ཆའི་མཛོད་ཁང་ལུ་བཅོལ་འཇོག་འབད་དགོ།
ཡིག་ཆ་དེ་ཚུ་ གཞུང་དབང་མིན་པའི་ལས་སྡེ་དང་ སྒེར་རང་རྐྱང་། སྒེར་དབང་ལས་སྡེ་ཚུ་གིས་བཙོང་ནིའི་དོན་ལུ་དཔར་བསྐྲུན་ བཀྲམ་སྤེལ་འབད་འབདཝ་ཨིན་པ་ཅིན་ དཔར་བསྐྲུན་འབད་དེ་ཡོད་མི་ལས་ འདྲ་དཔར་ ༤ ་དང་ དཔར་བསྐྲུན་འབདཝ་མིན་པ་ལས འདྲ་དཔར་ ༢ ་རེ་རྒྱལ་ཡོངས་དཔེ་མཛོད་དང་ཡིག་ཆའི་མཛོད་ཁང་ལུ་བཅོལ་འཇོག་འབད་དགོ།
དཔར་བསྐྲུན་འབད་ཡོད་པའི་ཡིག་ཆའི་རིགས་ནང་ལུ་ ག་ཅི་རང་ཚུདཔ་སྨོ་ཟེར་བ་ཅིན་ གསར་ཤོག དུས་དེབ། མུ་མཐུད་གསར་དེབ། གཞུང་གིས་དཔར་བསྐྲུན་འབད་ཡོད་པའི་རིགས་དང་ ས་ཁྲ་རེའུ་མིག རེའུ་མིག་དཀར་ཆག ལག་བྲིས་ཀྱི་དཔར། རྩིས་ཁྲའི་རི་མོ་། ངོ་དཔར། ཡིག་ཆའི་དཀར་ཆག དྲིལ་བསྒྲགས་ཀྱི་དཔར། ཤིང་དཔར་་བཏབ་པའི་དཔར་མའི་ཕྱག་དཔེ་ ། འདྲ་བཤུས་ཀྱི་དཔར་དང་འབྲེལ་བའི་ཡིག་ཆའི་རིགས་ག་ར་འདི་ནང་ཚུདཔ་ཨིན༎
དཔར་བསྐྲུན་འབདཝ་མིན་པའི་ཡིག་ཆའི་རིགས་ནང་ལུ་ ག་ཅི་རང་ཚུདཔ་སྨོ་ཟེར་བ་ཅིན་ ཤེས་ཡོན་སྤེལ་ནི་གི་གློག་བརྙན་དང་འཕྲུལ་དཔར། གློག་བརྙན་འཕྲུལ་དཔར་ཆུང་བ། མཐོང་ཐོས་འདྲ་བཟུང་གི་འཕྲུལ་ཆ། བརྡ་དོན་སྤྲོད་ལེན་གྱི་འཕྲུལ་ཆས་ (ཀམ་པིའུ་ཀྲར་གྱི་མཉེན་ཆས་ CD འཁོར་ལོ)འབུར་ཡིག་ (Braille) གི་ཆ་ཚུ་དང་ གནས་ཚུལ་བརྡ་དོན་སྤྲོད་ལེན་གྱི་འཕྲུལ་ཆའི་རིགས་ག་ར་འདི་ནང་ཚུདཔ་ཨིན༎
བཅའ་ཁྲིམས་འདི་ནང་ལུ་ རྒྱལ་ཡོངས་དཔེ་མཛོད་ཀྱིས་ རྒྱལ་ཡོངས་དང་རྒྱལ་སྤྱིའི་ལས་ཚོགས་དང་གཅིག་ཁར་དཔར་བསྐྲུན་བཀྲམ་སྤེལ་གྱི་ལས་འཆར་ཚུ་ བརྗེ་སོར་འབད་ནིའི་ལས་རིམ་དང་འཆར་གཞི་ཡོདཔ་ལས་ ང་བཅས་ག་ར་སེམས་སྤྱི་མཐུན་གྱི་ཐོག་ལས་ མི་སེར་ཚུ་ལུ་ བརྡ་དོན་གྱི་འཐོན་སྐྱེད་སྤེལ་ནིའི་དོན་ལུ་ ལས་རིམ་འདི་འགོ་བཙུག་གེ།
བཅའ་ཁྲིམས་ཧྲིལ་བུ་…
མ་འོངས་འཆར་གཞི།
ལོ་ལྔའི་འཆར་གཞི་ ཐེངས་ ༡༠ པའི་ནང་ལུ་ རྒྱལ་ཡོངས་ཡིག་ཆས་མཛོད་ཁང་གིས་ རྒྱལ་ཁབ་ནང་འཁོད་ནང་ གལ་ཅན་གྱི་གསུང་རབ་དང་ཡིག་ཆ་ཚུ་གི་ བཟོ་རྣམ་དང་ཚད་གཞི། དེ་ལས་ ས་གནས་ག་སྟེ་ལུ་འོདཔ་ཨིན་ནའི་གནས་ཚུལ་ཚུ་ ཐོ་བཀོད་འབད་དེ་རྒྱུན་སྐྱོང་འཐབ་ནི་ཨིན། གལ་སྲིད་ གསུང་རབ་དེ་ཚུ་ཐོ་བཀོད་ནང་མེད་པ་ཅིན་ ཕྱག་དཔེ་མངའ་སྟེ་ཡེད་པའི་ སྦྱིན་བདག་ཚུ་ལུ་ དེ་མི་ཉམས་བདག་འཛིན་ལེགས་ཤོམ་འབད་ཐབས་ཀྱི་དོན་ལུ་ ཐོ་བཀོད་འབད་ནི་ལུ་སྤྲོ་བ་བསྐྱེད་བཅུག་ནི་དང་ སྔར་སྲོལ་ལམ་ལུགས་དང་འབྲེལ་བའི་ རྒྱལ་རབས་ཅན་གྱི་ཁ་རྒྱུན་ཚུ་ཡང་ བརྟག་ཞིབ་ཀྱི་ཐོག་ལས་ མཐོང་ཐོས་འཕྲུལ་ཆས་ཀྱིས་ འདྲ་བཟུང་འབད་དེ་རྒྱལ་ཡོངས་ཀྱི་དོན་ལུ་ རྒྱུན་སྐྱོང་འཐབ་ནིའི་འཆར་གཞི་ཡོདཔ་ཨིན༎
གྲོང་གསེབ་ཞབས་ཏོག
རྒྱལ་ཡོངས་ཡིག་ཆའི་མཛོད་ཁང་གི་ མ་འོངས་པའི་འཆར་གཞི་ནང་ལུ་ གྲོང་གསེབ་ཀྱི་སློབ་གྲྭ་དང་གཙུག་སྡེ། དགོན་སྡེ་དང་མི་དམངས་ཀྱི་དོན་ལུ་ ཞལ་འཛོམས་ཚོགས་ནི་དང་འགྲེམས་སྟོན་འབད་ནི། དེ་ལས་གསལ་བཤད་བྱིན་ནི་དང་ སློབ་གྲྭ་ཁག་ཚུ་ནང་བལྟ་སྐོར་ལུ་སོང་སྟེ་ རྒྱང་མཐོང་ TV དང་རྒྱང་སྒྲགས་ཀྱི་ཐོག་ལས་ བརྡ་དོན་སྤེལ་ནི་ཚུ་ཚུད་དེ་ཡོཔ་ཨིན། དེ་གིས་མ་ཚད་པར་ སློབ་དེབ་དང་ལྷག་ནིའི་དཔེ་དེབ་རིགས་ཚུ་ཡང་ ཡར་རྒྱས་བཏང་ནིའི་གྲོགས་རམ་གྱི་ཞབས་ཏོག་དང་ རྒྱལ་ཡོངས་ཡིག་ཆའི་མཛོད་ཁང་ནང་ཡོད་པའི་ གལ་གནད་ཆེ་བའི་ཡིག་ཆ་སྤྲོ་བ་ཆེ་ཏོག་ཏོ་ཚུ་ཡང་ ཡོངས་འབྲེལ་གྱི་ཐོག་ལས་ འཐོབ་ཚུགསཔ་བཟོ་ནིའི་འཆར་གཞི་བཀོད་དེ་ཡོདཔ་ཨིན༎