English

ཌེ་ནི་ཌའི་དཔེ་མཛོད་ཁང་དང་མཉམ་སྦྲེལ་གྱི་ལས་འགུལ།

ངོ་སྤྲོད།

གནམ་ལོ་ ༡༩༩༤ ལོ་ལུ་གཞི་བཙུགས་འབད་ཡོད་པའི་ དཔེ་མཛོད་ཁང་གི་མཉམ་སྦྲེལ་གྱི་ལས་འགུལ་འདི་ འབྲུག་རྒྱལ་ཡོངས་དཔེ་མཛོད་ཁང་དང་ ཀོ་པེན་ཧེགེན་ རྒྱལ་གཞུང་དཔེ་མཛོད་ཁང་ གཉིས་ ཐིམ་ཕུག་ལུ་ཡོད་པའི་ ཌེན་མརཀ་ ཕྱི་འབྲེལ་ལྷན་ཁག་གིས་ མ་དངུལ་རྒྱབ་སྐྱོར་གནང་ཐོག་ལས་ གཞི་བཙུགས་འབད་ཡོདཔ་ཨིན། མཉམ་སྦྲེལ་གྱི་ཞིབ་འཚོལ་ནང་ལུ་ ཌེ་ནི་ཌའི་ རྒྱབ་སྐྱོར་མ་དངུལ་གནང་སྟེ་ད་ལྟོ་ཚུན་ཚོད་ ཐེངས་གསུམ་པ་ དབྱིན་ཟླ་ ༡༡ ་པའི་ ཚེས་ ༡ ་མཇུག་བསྡུ་སྟེ་ ད་ཐེངས་བཞི་པ་འགོ་བཙུག་ཡོདཔ་ཨིན༎

དམིགས་ཡུལ།

མཉམ་སྦྲེལ་ལས་འགུལ་གྱི་ དམིགས་ཡུལ་གཙོ་བོ་རང་ རྒྱལ་ཁབ་ནང་གི་ལྷ་ཁང་དང་དགོན་སྡེ་ཚུ་ནང་ཡོད་པའི་ ཤིན་ཏུ་དཀོན་པའི་ རྒྱལ་བའི་གསུང་རབ་དང་ ཡིག་ཆ་རྙིངམ་ཚུ་ འཚོལ་ཞིབ་འབད་དེ་ ཐོ་གཞུང་ནང་བཀོད་ནི་དང་ བྱེ་བྲག་ཏུ་རྒྱལ་ཡོངས་དཔེ་མཛོད་ནང་ཡོད་པའི་ རྒྱལ་བའི་གསུང་རབ་ཚུ་ མི་ཉམས་སྲུང་སྐྱོབསའབད་ནི་འདི་ཨིན། ལས་འགུལ་འདིའི་མ་དངུལ་གྱི་རྒྱབ་སྐྱོར་ཐོག་ལས་ དཔེ་མཛོད་འདི་ནང་ དེང་སང་གི་ཐབས་རིག་དང་བསྟུན་པའི་ འཕྲུལ་ཆའི་རིགས་ཚུ་མཁོ་སྒྲུབ་འབད་ནི་དང་ ལས་བྱ྄དཔ་ཚུ་གི་ལྕོག་གྲུབ་ཚུ་གོང་འཕེལ་གཏང་ནི་འདི་ཨིན༎

མ་དངུལ་རྒྱབ་སྐྱོར་ཐེངས་དང་པ།

Gregor Verhufen & Dr. P. K. Sørensen

གནམ་ལོ་ ༡༩༩༦ - ༡༩༩༩ ལོའི་ རྒྱབ་སྐྱོར་གྱི་མ་དངུལ་དེ་གིས་ དཔེ་མཛོད་ཁང་འདི་ནང་ལུ་ དགོས་མཁོ་ཡོད་པའི་ དེང་སང་གི་འཕྲུལ་ཆ་ཚུ་མཁོ་སྒྲུབས་འབད་དེ་ གཞི་བཙུགས་འབད་ཡོདཔ་ཨིམ་ད་ དེ་ནང་གི་ལས་བྱེདཔ་ཚུ་ལུ་གོ་བསྡུར་ཞལ་འཛོམས་དང་ དཔེ་དེབ་དབྱེ་ཐངས་ཀྱི་སྦྱོང་བརྡར་ཚུ་ཡང་གནང་ཡོདཔ་ཨིན། དེགིས་མ་ཚད་པར་ གློག་རིག་གི་ཐབས་རིག་འདྲ་སྣ་ཚོགས་གནང་ཐོག་ལས་ གནས་སྡུད་གཞི་མཛོད་ཡང་གོང་འཕེལ་གཏང་ཡོདཔ་ཨིན། དཔེ་དེབ་དང་དཔེ་ཆ་ཚུ་གློག་རིག་གི་ཐོ་གཞུང་ནང་ ཐོ་བཀོད་འབད་ཐངས་ཀྱི་སྦྱོང་བརྡར་ཚུ་ཐོབ་སྟེ་ དཔེ་མཛོད་འདི་ནང་ཡོད་པའི་དཔེ་ཆ་ག་ར་ ཐོ་གཞུང་ནང་བཙུག་ནི་འགོ་བཙུགས་ཡོདཔ་ཨིན༎

མ་དངུལ་རྒྱབ་སྐྱོར་ཐེངས་གཉིས་པ།

གནམ་ལོ་ ༡༩༩༩ - ༢༠༠༡ ལོའི་ རྒྱབ་སྐྱོར་མ་དངུལ་དེ་གིས་ དཔེ་མཛོད་ནང་ཡོད་པའི་དཔེ་ཆ་ཚུ་འཕྲོ་འཐུད་དེ་རང་ ཐོ་གཞུང་ནང་བཙུགས་ཅི། ཡང་རྒྱལ་ཁབ་ནང་འཁོད་ཀྱི་ལྷ་ཁང་ཚུ་ནང་ཡོད་པའི་ གསུང་རབ་རྙིངམ་ཚུ་ཞིབ་འཚོལ་འབད་ནི་གི་ ལས་འགུལ་འགོ་བཙུགས་ཡོད། ལས་འགུལ་འདིའི་ཡན་ལག་ནང་ལུ་ ལྷ་ཁང་དང་དགོན་སྡེ་ཚུ་ནང་ལུ་འཚོལ་ཞིབ་འབད་ཡོད་པའི་ གསུང་རབ་ཚུ་ དཔར་ལོག་རྐྱབ་རྐྱབས་དང་ ཕྲ་གཟུགས་བརྙན་ཤོག་ཚུ་ནང་དཔར་བཏབ་སྟེ་ ཉེན་སྲུང་འབད་དེ་ མ་འོངས་ཞིབ་འཚོལ་པ་དང་ བུ་བརྒྱུད་ཚུའི་དོན་ལུ་ གསོག་འཇོག་འབད་དེ་ཡོདཔ་ཨིན༎

མ་དངུལ་རྒྱབ་སྐྱོར་ཐེངས་གསུམ་པ།

Written Treasures of Bhutan Conference

གནམ་ལོ་ ༢༠༠༢ - ༢༠༠༧ ལོའི་མ་དངུལ་དེ་གིས་ སྔ་གོང་གི་དངོས་ཐོ་ཚུ་འཕྲོ་འཐུད་འབད་དི་ གནམ་ལོ་ ༢༠༠༥ གི་ནང་འཁོད་ལུ་ དཔེ་ཆའི་མཚན་བྱང་ཡོངས་བསྡོམ་ གཅིག་འབུམ་ཉི་ཁྲི་དེ་ཅིག་བཙུག་ཚར་ཡོདཔ་མ་ཚད་ ལྷ་ཁང་དགོན་སྡེ་ཚུ་ནང་གི་ འཚོལ་ཞིབ་འབད་ཡོད་པའི་་རྒྱལ་ བའི་གསུང་ རབ་ ཧ་ལམ་ ༣༠༠༠ ལྷག་ཙམ་ཡང་ཐོ་གཞུང་ནང་བཀོད་དི་ མི་ཉམས་སྲུང་སྐྱོབ་ཀྱི་དོན་ལུ་བཞག་ཡོདཔ་ཨིན། མ་དངུལ་དེ་གིས་ཉམས་སྲུང་གི་ཞལ་འཛོམས་འགོ་འདྲེན་ འཐབ་ཡོདཔ་མ་ཚད་ འབྲུག་དང་ ཌེན་མཀ་གཉིས་ཀྱི་མཁས་མཆོག་ཚུ་གི་བར་ན་ གོ་བསྡུར་ཞལ་འཛོམས་ཚུ་ཡང་འགོ་འདྲེན་འཐབ་ཡོདཔ་ཨིན། ལས་འགུལ་མ་དངུལ་གྱི་རྒྱབ་ སྐྱོར་འབད་དི་ Written Treasures of Bhutan: A Mirror of the Past and A Bridge to the Future. ['སྔ་རབས་ཀྱི་མེ་ལོང་དང་མ་འོངས་པའི་འབྲེལ་ཟམ།'] ཟེར་བའི་དོན་ཚན་ཐོག་ལུ་ རྒྱལ་སྤྱིའི་ཞལ་འཛོམས་གཅིག་ སྤྱི་ལོ་ ༢༠༠༥ ལོ་ལུ་འགོ་འདྲེན་འཐབ་ཡོདཔ་ཨིན༎

མ་དངུལ་རྒྱབ་སྐྱོར་ཐེངས་བཞི་པ།

གནམ་ལོ་ ༢༠༠༨ - ༢༠༡༠ ལོ་གི་མ་དངུལ་དེ་གིས་ དཔེ་ཆའི་ཐོ་གཞུང་ནང་བཙུགས་ཡོད་མི་ཚུ་ སྐྱར་ཞིབ་འབདཝ་དང་ཅིག་ཁར་ གནས་སྡུད་གཞི་མཛོད་ལག་ལེན་འཐབ་ཐངས་ཤེས་ནིའི་དོན་ལུ་ གོམས་འདྲིས་སློབ་སྦྱོང་བྱིན་ནིའི་དོན་ལུ་ གཙོ་བོ་སྟོན་ནི་ཨིན། དེ་ལས་ དཔེ་ཆའི་ཐོ་གཞུང་ཚུ་ ISO 10646/ Unicode ལུ་སྒྱུར་བཅོས་འབད་དེ་ ཌེན་མཀ་རྒྱལ་གཞུང་དཔེ་མཛོད་ཀྱིས་འགོ་འདྲེན་འཐབ་ཐོག་ལས་ Aleph དཔེ་མཛོད་འཛིན་སྐྱོང་ལམ་ལུགས་ལུ་གནས་སྤོ་ནི་ཨིན༎

འབྲུག་ནང་འཁོད་ཀྱི་ ལྷ་ཁང་དང་དགོན་སྡེ་ཚུ་ནང་གི་ གསུང་རྟེན་རྩ་ཅན་ཚུ་གི་ ཞིབ་འཚོལ་ཚུ་ཡང་འཕྲོ་འཐུད་དེ་ རང་འབད་ནི་ཨིནམ་ད་ གནམ་ལོ་ ༢༠༠༥ ལོའི་ “Written Treasure of Bhutan: A Mirror of the Past and A Bridge to the Future.” ['སྔ་རབས་ཀྱི་མེ་ལོང་དང་མ་འོངས་པའི་འབྲེལ་ཟམ།'] ཟེར་བའི་དོན་ཚན་ཐོག་ལུ་ རྒྱལ་སྤྱིའི་ཞལ་འཛོམས་ཚོགས་མིའི་ གྲོས་བཅུད་དཔེ་དེབ་དེ་ཡང་ དཔེ་སྐྲུན་འབད་ནི་ཨིན། དེ་གིས་མ་ཚད་པར་ དཔེ་མཛོད་ནང་འཁོད་ཀྱི་ ཡོངས་འབྲེལ་གྱི་མཐུན་རྐྱེན་ཚུ་ཡང་ དེ་སང་དུས་ཀྱི་འཕོ་འགྱུར་དང་བསྟུནམ་སྦེ་ བཟོ་བའི་བསྒང་ཡོདཔ་ཨིནམ་ད་ མཇུག་རང་ རྒྱལ་ཡོངས་དཔེ་མཛོད་ཀྱི་ ཡན་ལག་དཔེ་མཛོད་ཚུ་ཡང་གོང་འཕེལ་བཏང་སྟེ་ རྩ་བརྟན་བཟོ་ནིའི་འཆར་གཞི་ཚུ་ཡོདཔ་ཨིན༎