English

འབྲུག་རྒྱལ་ཡོངས་དཔེ་མཛོད་ཀྱི་འབྱུང་རབས།

Utse
བཀྲ་ཤིས་ཆོས་རྫོང་གི་དབུ་རྩེ་
NLB Changgangkha
རྒྱལ་ཡོངས་དཔེ་མཛོད་ཁང་ ལྕང་སྒང་ཁ་
NLB Kawangjangtsa
རྒྱལ་ཡོངས་དཔེ་མཛོད། ཁ་ཝང་གྱང་ས། ༡༩༩༨

འབྲུག་རྒྱལ་ཡོངས་དཔེ་མཛོད་འདི་ མི་དབང་རྒྱལ་ཡུམ་ཨ་ཞེ་ཕུན་ཚོགས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་རྒྱབ་སྐྱོར་ཐོག་ གནམ་ལོ་ ༡༩༦༧ ལོར་ ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་གི་དབུ་རྩེའི་བར་ཐོག་ལུ་འབད་ རྩ་ཅན་གྱི་གསུང་རབ་ཕྱག་དཔེ་དུམ་གྲ་ཅིག་བསྒྲུབས་ཏེ་གཞི་བཙུགས་མཛད་གནང་ནུག རིམ་པ་བཞིན་དུ་གསུང་རབ་ཀྱི་ཕྱག་དཔེ་ཚུ་གོང་འཕེལ་འགྱོ་བའི་སྟབས་ཀྱིས་ ས་གནས་ལྕང་སྒང་ཁ་ལུ་སྤོ་བཤུད་འབད་ནུག།

གནད་དོན་དེ་ལུ་བརྟེན་ཏེ་ནང་སྲིད་བློན་པོའམ་ སྐྱིད་སྡུག་བློན་པོ་ གཏམ་ཞིང་རྒྱ་གར་གྱིས་ རྩ་ཅན་གྱི་གསུང་རབ་གླེགས་བམ་ཚུ་ གཏན་བཞག་གི་མཁོ་བསྒྲུབ་འབད་ནིའི་དོན་ལུ་སྒྲིང་གྱིམ་ཐོག་བཞི་ཟུར་བརྒྱད་ རང་ལུགས་དབུ་རྩེའི་བཟོ་བཀོད་བཅས་པའི་དཔེ་བཛོད་འདི་བརྐྱབས་གནང་ནུག།

རྩ་ཆན་གྱི་གསུང་རབ་མང་རབས་ཅིག་བསྡུ་གསོག་འབད་ཡོད་པའི་སྒྲིང་ཁྱིམ་འདི་ གནམ་ལོ་ ༡༩༨༤ ལོ་ལུ་བསྒྲུབས་ཏེ་ དེའི་རབ་གནས་འདི་ དབྱིན་ཟླ་ ༡༡ པའི་དབྱིན་ཚེས་ ༢༣ ལུ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་མཛད་ཡོདཔ་མ་ཚད་ འགོ་འབྱེད་རྟེན་འབྲེལ་ཡང་ མི་རྗེ་ བརྒྱུད་འབྲེལ་དང་བལྟ་བཤལ་ལྷན་ཁག་གི་བློན་པོ་ སངས་རྒྱས་དཔལ་འབྱོར་མཆོག་གིས་མཛད་ནུག།

མ་དངུལ་ ས་ཡ་ ༣ གནས་ཡོད་པའི་ གཏན་བཞག་དཔེ་མཛོད་ཀྱི་སྒྲིང་ཁྱིམ་འདི་ ཕྱིའི་རྒྱལ་ཁབ་ཀྱི་གྲོགས་རམ་མ་དངུལ་ལུ་མ་ལྟོས་པར་ འབྲུག་རྒྱལ་གཞུང་གིས་མ་དངུལ་བཏང་ཐོག་ལས་བསྒྲུབས་ཏེ་ དཔེ་མཛོད་འདི་ནང་ལུ་སྤོ་བཤུད་འབད་དེ་ འདི་ད་ལྟོ་སྲོལ་འཛིན་ལས་ཁུངས་ཀྱི་འོག་ལུ་ཡོདཔ་ཨིན།།

མདོ་ཆེན།

འབྲུག་རྒྱལ་ཡོངས་དཔེ་མཛོད་འདི་གཞི་བཙུགས་གནང་ཞིནམ་ལས་ མདོ་ཆེན་མང་རབས་ཅིག་གིས་འགོ་ཁྲིད་མཛད་དེ་ ཕྱག་ཕྱིད་ཞུས་ཡོད་པའི་གཤམ་གསལ་

  •    དགེ་བཤེས་ཚེ་དབང་།  (༡༩༦༧ - ༡༩༧༢)
  •    སློབ་དཔོན་པདྨ་ལ།  (༡༩༧༣ - ༡༩༩༤)
  •    དྲགོས་སངས་རྒྱས་དབང་ཕྱུག  (༡༩༩༤ - ༡༩༩༩)
  •    མེ་ཉག་སྤྲུལ་སྐུ།  (༢༠༠༠ - ༢༠༠༣)
  •    རྡོ་རྗེ་ཚེ་རིང་།  (༢༠༠༥ - ༢༠༠༧)

དགེ་བཤེས་ཚེ་དབང་།

སྤྱི་ལོ་ ༡༩༦༧ ལོ་ལུ་ འབྲུག་རྒྱལ་ཡོངས་དཔེ་མཛོད་ཁང་འདི་གཞི་བཙུགས་གནང་ཞིནམ་ལས་ དགེ་བཤེས་ཚེ་དབང་མཆོག་ དཔེ་མཛོད་ཀྱི་མདོ་ཆེན་དང་པ་མཛད་ཡོདཔ་ཨིན། དགེ་བཤེས་མཆོག་མདོ་ཆེན་མཛད་བཞུགས་པའི་སྐབས་ རྒྱལ་ཡོངས་དཔེ་མཛོད་ཀྱི་དོན་ལུ་ བསྡུ་ལེན་འབད་ཡོད་པའི་གསུང་རབ་ཚུ་ ཉམས་སྐྱོན་དང་བྲལཝ་འབད་བཞག་ཐབས་ཀྱི་ཕྱག་ལཱ་ཚུ་མཛད་པའི་མཐར་ སྤྱི་ལོ་ ༡༩༧༣ དགོངསམ་ཞུ་ནུག།

 

སློབ་དཔོན་པདྨ་ལ་ ( བླམ་པདྨ་ཚེ་དབང་ )

སློབ་དཔོན་པདྨ་ལ་

བླམ་པདྨ་ཚེ་དབང་ ཡོངས་གྲགས་ལུ་སློབ་དཔོན་པདྨ་ལ་ཟེར་ཞུ་མི་འདི་ མདོ་ཆེན་གཉིས་པ་འབད་ སྤྱི་ལོ་ ༡༩༧༣ ལོ་ལུ་ བསྐོ་བཞག་གནང་ཡོདཔ་ཨིན། སློབ་དཔོན་པདྨ་ལ་མཆོག་ བུམ་ཐང་རྫོང་ཁག་ ཆུ་སྨད་ལུ་སྐུ་འཁྲུངས་ཏེ་ སྐུ་ན་ཕྲ་བའི་སྐབས་ལས་འབྲི་ཀློག་གི་ཡོན་ཏན་སྦྱང་སྟེ་ ཤུལ་ལས་ ཁོ་རའི་ཕམ་གཉིས་ཀྱིས་ རྡོར་རིང་སྤྲུལ་སྐུ་མཆོག་གིས་བཅགས་གནང་པའི་ ཉི་མ་ལུང་བཤད་གྲྭ་ནང་ལུ་འཛུལ་ཞུགས་འབད་དེ་ རིག་གཞུང་གི་སྐོར་ཚུ་སྦྱང་བརྩོན་མཛད་ནུག།

དེ་གིས་མ་ཚད་དཔར་ ཡོངས་གྲགས་ཅན་གྱི་བླམ་དང་མཁན་པོ་ ངག་དབང་ཡོན་ཏན་རྒྱ་མཚོ། འཕྲང་མགོ་རྟོགས་ལྡན། སྒྲུབ་བརྒྱུད་རིན་པོ་ཆེ། ཀཿཐོག་རིན་པོ་ཆེ་ ངག་དབང་ཕྲིན་ལས། མཁན་ཆེན་ ཐུབ་བསྟན་ཀུན་དགའ་རྒྱ་མཚོ། ཁུ་ནུ་བླ་མ་ བསྟན་འཛིན་རྒྱལ་མཚན། དེ་ལས་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་དང་ བདུད་འཇོམས་རིན་པོ་ཆེ་ འཇིགས་བྲལ་ཡེ་ཤེས་རྡོ་རྗེ་དང་གཞན་ཡང་ རྙིང་མའི་བླ་མ་ཚུ་བསྟེན་ཏེ་ ཐོས་བསམ་མཛད་གནང་ནུག།

སྤྱི་ལོ་ ༡༩༦༡ ལོ་ལུ་ འབྲུག་གཞུང་གིས་ གསར་བཙུགས་འབད་ཡོད་པའི་ སེམས་རྟོགས་ཁ་རིག་གཞུང་སློབ་གྲྭའི་སློབ་དཔོན་འབད་བསྐོས་གནང་ནུག སྤྱི་ལོ་ ༡༩༦༧ ལོ་ལུ་ ཤེས་རིག་ལས་ཁུངས་ནང་རྩོམ་སྒྲིག་པ་འབད་གནས་སོར་བཏང་སྟེ་ སློབ་རིམ་ བཞི་པ་ལས་བཅུ་པ་ཚུན་གྱི་ གནས་ཚད་ཅན་གྱི་རྫོང་ཁའི་རྩ་གཞུང་གསརཔ་རྩོམ་བསྒྲིགས་མཛད་གནང་ནུག།

སྤྱི་ལོ་ ༡༩༧༠ ལོ་ལུ་ དབང་ཕྱུག་ཤེས་ཡོན་སློབ་ཁང་ནང་ལུ་ གནས་སོར་བཏངམ་དང་འབྲེལ་ཏེ་ རྫོང་ཁའི་ནང་འབྲི་ནིའི་ལམ་ལུགས་བཟོ་དགོ་པའི་འགན་དབང་ཡང་ཐོབ་ནུག དེ་ལས་ སྤྱི་ལོ་ ༡༩༧༢ ལོ་ལུ་ མི་དབང་འབྲུག་རྒྱལ་གསུམ་པ་ཞིང་ལུ་ཕེབས་ཞིནམ་ལས་ སྤུར་སྦྱངས་ཀྱི་སྤུར་ཐལ་མ་གཤགས་ཚུན་ཚོད་ལུ་འགོ་འདྲེན་མཛད་ཡོདཔ་མ་ཚད་ སློབ་དཔོན་མཆོག་གིས་ རྒྱལ་ཡོངས་ཚོགས་ཁང་ཆེན་མོ་གིས་ རྫོང་ཁའི་སྐད་ཡིག་ལུ་ ལོ་གཉིས་དགག་པ་མཛད་པའི་དགག་ལན་ཚུ་བྲིས་ཏེ་ཚོགས་ཁང་ནང་བཀྲམ་སྤེལ་མཛདཔ་ལས་ལན་ག་ནི་ཡང་མེད་དཔར་གྱུར་བའི་ཕྱག་ལཱ་ བཟང་པོའི་མཛད་རྣམ་ལུ་དམིགས་ཏེ་ མི་དབང་འབྲུག་རྒྱལ་བཞི་པའི་ཞབས་ལས་ གཟེངས་བསྟོད་གསེར་གྱི་རྟགས་མ་ཡང་བཞེས་ནུག།

སྤྱི་ལོ་ ༡༩༧༣ ལུ་ རྒྱལ་ཡོངས་དཔེ་མཛོད་ལུ་ གནས་སོར་བཏང་སྟེ་དེ་ནང་ཕེབས་ཞིནམ་ལས་ ནང་པའི་ཆོས་དང་འབྲེལ་བའི་ ལས་རྒྱུ་འབྲས་ལུ་ཡིད་ཆེས་བསྐྱེད་པའི་དཔེ་དེབ་ ‘འཁོར་འདས་ལམ་གསུམ’ ཟེར་མི་འདི་མཛད་གནང་ཡོདཔ་མ་ཚད་ མི་དབང་ཨ་ཞེ་ བསོད་ནམས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ ཞིབ་འཚོལ་མཐིལ་ཕྱིན་ཐོག་འབྲུག་གི་རྒྱལ་རབས་གཅིག་ རྩོམ་སྒྲིག་གནང་དགོ་པའི་བཀའ་རྒྱ་ཕེབས་བཞིན་དུ་ ‘འབྲུག་གསལ་བའི་མེ་ལོང་’ ཟེར་བའི་དཔེ་དེབ་གཅིག་མཛད་གནང་ནུག།

སློབ་དཔོན་པདྨ་ལ་མཆོག་གིས་ ཞི་བའི་གོ་གནས་མང་རབས་ཅིག་བཞེས་པའི་མཐར་ སྤྱི་ལོ་ ༡༩༩༣ ལོ་ལུ་དགོངསམ་ཞུ་སྟེ་ ཉི་མ་ལུང་གྲྭ་ཚང་གི་བླམ་མཛད་དེ་བཞུགསཔ་མ་ཚད་ སྤྱི་ལོ་ ༡༩༩༩ ལོར་ མི་དབང་འབྲུག་རྒྱལ་བཞི་པ་གསེར་ཁྲི་གུར་ཕེབས་ཏེ་ མི་ལོ་ཉེར་ལྔ་འཁོར་བའི་དུས་སྟོན་བརྩི་སྲུང་གི་སྐབས་ འབྲུག་ཐུགས་སྲས་ཀྱི་རྟགས་མ་ཡང་བཞེས་ནུག།

 

དྲགོས་སངྱས་དབང་ཕྱུག

དྲགོས་སངྱས་དབང་ཕྱུག

སྤྱི་ལོ་ ༡༩༩༣ ཟླཝ་ ༩ པའི་ནང་ལུ་ གྲྭ་ཚང་ལྷན་ཚོགས་ནང་ཕྱག་ལཱ་མཛད་མི་ དྲགོས་སངས་རྒྱས་དབང་ཕྱུག་མཆོག་ རྒྱལ་ཡོངས་དཔེ་མཛོད་ནང་མདོ་ཆེན་འབད་ བསྐོ་བཞག་གནང་སྟེ་ དྲགོས་མཆོག་གིས་ དཔེ་མཛོད་ནང་ དེང་སང་གི་མཁོ་གལ་ཆེ་བའི་འགྱུར་བ་དང་བསྟུན་ དཔེ་དེབ་ལྷག་མི་ཚུ་ལུ་ཕྱི་རྒྱལ་གྱི་དཔེ་དེབ་ཚུ་ཡང་ཐོབ་ཚུགསཔ་བཟོ་ཡོདཔ་མ་ཚད་ ཞིབ་འཚོལ་གྱི་དོན་ལུ་དཔེ་དེབ་ཚུ་ཡང་གསོག་འཇོག་འབད་དགོ་པའི་སྒོ་འབྱེད་མཛད་ནུག།

སྤྱི་ལོ་ ༡༩༩༦ ལོར་ དྲགོས་མཆོག་ དཔེ་མཛོད་མདོ་ཆེན་མཛད་བཞུགས་པའི་སྐབས་ ཌེ་ནེ་ཌའི་རྒྱབ་སྐྱོར་མ་དངུལ་གྱི་ཐོག་ལས་ ཌེན་མརྐ་རྒྱལ་གཞུང་དཔེ་མཛོད་དང་ འབྲུག་རྒྱལ་ཡོངས་དཔེ་མཛོད་གཉིས་ཀྱི་ཡུན་བརྟན་ མཉམ་འབྲེལ་གྱི་ལས་འགུལ་གཅིག་ཡང་གཞི་བཙུགས་གནང་སྟེ་ ལོ་ངོ་དྲུག་མདོ་ཆེན་འབད་ཕྱག་ཕྱིད་ཞུས་པའི་མཐར་ སྲོལ་འཛིན་ལས་ཁུངས་ཀྱི་དྲུང་ཆེན་གྱི་གོ་གནས་བཞེས་ནུག།

 

མི་ཉག་སྤྲུལ་སྐུ།

 མི་ཉག་སྤྲུལ་སྐུ།

མི་ཉག་སྤྲུལ་སྐུ་མཆོག་ ལོ་ངོ་ ཉེར་ལྔ་ཙམ་ སྤ་རོ་རྒྱལ་ཡོངས་འགྲེམ་སྟོན་ཁང་གི་མདོ་ཆེན་མཛད་པའི་མཐར་ སྤྱི་ལོ་ ༡༩༩༩ ཟླཝ་ ༧ པའི་ཚེས་ ༡ ལུ་ རྒྱལ་ཡོངས་དཔེ་མཛོད་ཀྱི་མདོ་ཆེན་འབད་བྱོན་ནུག སྤྲུལ་སྐུ་མཆོག་གིས་ ཌེ་ནེ་ཌའི་དཔེ་མཛོད་མཉམ་འབྲེལ་གྱི་ལས་འགུལ་འདི་ རྒྱ་བསྐྱེད་བཏངམ་མ་ཚད་ རྒྱལ་ཡོངས་ཡིག་ཆའི་མཛོད་ཁང་དང་ དཔེ་མཛོད་ནང་གི་ཞིབ་འཚོལ་དང་ འཕྲུལ་རིག་སྡེ་ཚན་ཚུ་གོང་འཕེལ་བཏང་ནུག།

དེ་གིས་མ་ཚད་དཔར་ དཔེ་མཛོད་ནང་གི་ ཅ་ཆས་ཆ་མཉམ་གསར་བཙུགས་མཛད་དེ་ ཞལ་འདེབས་ཀྱི་ཐོག་ལས་ བསྡུ་ལེན་འབད་ཡོད་པའི་དཔེ་མཛོད་ཀྱི་ཕྱག་དཔེ་ག་ར་ བསྐྱར་བཟོ་དང་ TBRC དང་ དཔལ་རི་དཔར་ཁང་ གི་ཞལ་འདེབས་སུ་གནང་མི་ ཌི་ཇི་ཊེལ་ (Digital) དཔེ་མཛོད་བཅས་གོང་འཕེལ་བཏང་བའི་མཐར་སྤྱི་ལོ་ ༢༠༠༤ ཟླཝ་ ༡༢ པའི་ནང་ལུ་དགོངསམ་ཞུས་ཡོདཔ་ཨིན་པས།།

 

རྡོ་རྗེ་ཚེ་རིང་།

རྡོ་རྗེ་ཚེ་རིང་།

མི་ཉག་སྤྲུལ་སྐུ་མཆོག་ དགོངསམ་ཞུས་པའི་ཤུལ་ལུ་ སྤྱི་ལོ་ ༢༠༠༥ ཟླཝ་ ༡ པའི་ནང་ དཔེ་མཛོད་ཀྱི་མདོ་ཆེན་ལྔ་པ་འབད་ རྡོ་རྗེ་ཚེ་རིང་མཆོག་བྱོན་ཡོདཔ་ཨིན། མདོ་ཆེན་མཆོག་ དཔེ་མཛོད་འདི་ནང་མ་བྱོན་པའི་ཧེ་མ་ ཤེས་རིག་སྡེ་ཚན་གྱི་ནང་ལུ་ ལོ་ངོ་མང་རབས་ཅིག་འཛིན་སྐྱོང་གི་གོ་གནས་བཞེས་པའི་ཉམས་མྱོང་དང་ སློབ་དཔོན་མཁས་མཆོག་ཅན་ཤེས་ཚད་ཡོདཔ་མ་ཚད་ ཤེས་རབ་རྩེའི་དབུ་འཛིན་འབད་དེ་བཞུགས་ནུག།

དཔེ་མཛོད་འདི་ནང་ ལོ་ངོ་གསུམ་ཙམ་ མདོ་ཆེན་གྱི་ཕྱག་འགན་བཞེས་ཏེ་བཞུགས་པའི་སྐབས་ ཌེ་ནེ་ཌེའི་ལས་འགུལ་གྱི་ ལས་འཆར་ཚུ་ལུ་ལྟ་རྟོག་མཛད་དེ་ རྒྱ་ཡོངས་དཔེ་མཛོད་ནང་མཁོ་བསྒྲུབས་འབད་ཡོད་པའི་ཕྱག་དཔེ་ཚུའི་ཞབས་ཏོག་དང་དེ་ལས་ རྒྱལ་ཡོངས་དཔེ་མཛོད་འདི་ འབྲུག་ནང་འཁོད་དང་ རྒྱལ་སྤྱིའི་ནང་ལུ་ཐབས་རིག་ག་ཅིའི་ཐོག་ལུ་ཡང་ འབྲེལ་བ་ཡོདཔ་སྦེ་བཟོ་ཐབས་ལུ་བརྩོན་ཤུགས་མཛདཔ་བཞིན་དུ་ གོང་འཕེལ་ཡང་བཏང་ཡོདཔ་ཨིན།། སྤྱི་ལོ་ ༢༠༠༧ ཟླཝ་ ༩ པའི་ནང་ལུ་ ནང་སྲིད་ལྷན་ཁག་གི་འོག་ལུ་ཡོད་པའི་ སྲོལ་འཛིན་ལས་ཁུངས་ཀྱི་མདོ་ཆེན་འབད་བསྐོ་བཞག་གནང་ཡོདཔ་ཨིན།།

རྗེས་སུ་…