འབྲུག་རྒྱལ་ཡོངས་དཔེ་མཛོད་ཀྱི་བལྟ་སྐོར།
དཔེ་མཛོད་ཁང་།
ད་ལྟོ་ཡོད་པའི་ དཔེ་མཛོད་ཀྱི་སྒྲིང་ཁྱིམ་ཐོག་ཚད་བཞི་འབད་མི་འདི་ རང་ལུགས་འབྲུག་པའི་ལྷ་ཁང་གི་བཟོ་བཀོད་དང་ལྡནམ་འབད་ བཞེངས་ཡོདཔ་མ་ཚད་ སྒྲིང་ཁྱིམ་གཙོ་བོའི་ཤར་ཁ་ཐུག་ལུ་ ཐོག་ཚད་གསུམ་དང་ལྡན་པའི་བདག་སྐྱོང་གི་ སྒྲིང་ཁྱིམ་གསརཔ་གཅིག་ཡང་ ཧ་ལམ་སྒྲུབས་ཚར་ཏེ་ཡོདཔ་ཨིན། དེ་ལས་ དེའི་བྱང་ཁ་ཐུག་ལུ་ ཐོག་ཚད་གཉིས་དང་ལྡན་པའི་ རྒྱལ་ཡོངས་ཀྱི་ཡིག་ཆ་རྙིངམ་ཚུ་ གཉེར་འཇོག་འབད་བཞག་སའི་སྒྲིང་ཁྱིམ་འདི་ཡོདཔ་ཨིན༎
སྒྲིང་ཁྱིམ་གཙོ་བོ།
དཔེ་མཛོད་ཀྱི་སྒྲིང་ཁྱིམ་གཙོ་བོའི་ འཛུལ་སྒོ
མཛེས་པའི་མེ་ཏོག་དུམ་ར་གིས་ མཐའ་བསྐོར་ཏེ་ཡོད་པའི་ དཔེ་མཛོད་ཀྱི་སྒྲིང་ཁྱིམ་གཙོ་བོ་འདི་ གནམ་ལོ་ ༡༩༨༤ ལོ་ལུ་ཕྱི་ནང་མེད་པར་བསྒྲུབས་ཚར་ཏེ་ ད་ལྟོ་འདི་ནང་ གསུང་རབ་དང་དཔེ་ཆ་ལེ་ཤ་ གསོག་འཇོག་འབད་དེ་ཡོདཔ་ཨིན༎
ཕྱིའི་བཟོ་བཀོད་ ལྷ་ཁང་དང་འདྲ་བའི་གཟི་བརྗིད་ཅན་གྱི་ དཔེ་མཛོད་ཁང་འདི་ནང་ལུ་ བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་རྒྱལ་པོའི་ མཚན་དཔེ་རྫོགས་པའི་སྐུ་མཚོན་བྱེད་ལུ་ འབུར་སྐུའི་བྱེ་བྲག་དང་ ཐང་ཀ་ལྡེབས་རིས། ཚངས་དབྱངས་རྫོགས་པའི་གསུང་མཚོན་བྱེད་ལུ་ གསུང་རབ་ཀྱི་གླེག་བམ་ བཀའ་བགྱུར་དང་བསྟན་འགྱུར་ཚུ་གིས་གཙོས་པའི་ པར་མ་དང་བྲིས་མའི་རིག་གཞུང་ཚུ་དང་། དེ་ལས་ སྒྲིབ་པ་ལ་སོགས་པའི་ དྲི་མ་ཀུན་རྫོགས་པའི་ཐུགས་མཚོན་བྱེད་ལུ་ མཆོད་རྟེན་རྣམ་པ་བརྒྱད་ག་ར་ འདི་ནང་ལུ་ཚང་སྟེ་བཞུགས་ཡོདཔ་ལས་བརྟེན་ འབྲུག་རྒྱལ་ཡོངས་དཔེ་མཛོད་ཁང་འདི་ འབྲུག་མི་ག་ར་གིས་ཕྱག་མཆོད་ཕུལ་སའི་གནས་ རྩ་ཅན་གཅིག་སྦེ་བརྩིཝ་ཨིན༎
ཐོག་ཚད་དང་པའི་ མཆོད་བཤམས།
ཐོག་ཚད་དང་པར་
དཔེ་མཛོད་ཀྱི་སྒྲིང་ཁྱིམ་གཙོ་བོའི་ ཐོག་དང་པའི་ནང་འཛུལཝ་ཅིག་ གཡས་ཁ་ཐུག་ལུ་ ཤོག་བྱང་སྤྲོད་ལེན་འབད་སའི་ཁང་མིག་འདི་ནང་ དཔེ་གཉེརཔ་དང་ སྐུ་མགྲོན་གྱི་ལག་དེབ་ཚུ་ཡོདཔ་མ་ཚད་ དེང་སང་དབྱིན་སྐད་ནང་བྲིས་ཏེ་ཡོད་པའི་ དཔེ་དེབ་ཚུལ་ཙམ་ཅིག་ཡང་ འདི་ནང་འགྲེམས་སྟོན་འབད་དེ་ཡོདཔ་ཨིན༎
དཔེ་མཛོད་ཁང་གི་ཐོག་ཚད་དང་པའི་འཛུལ་སྒོ་དེ་ལས་ འཛུལ་ཞིནམ་ལས་ དེའི་གཡོན་ཕྱོགས་ལུ་ “Bhutan: A Visual Odyssy the Last Himalaya Kingdom” ཟེར་མའིི་པར་དེབ་འདི་ མཻ་ཀལ་ཧའུ་ལེ་ (Michel Hawley) གིས་གཙོས་པའི་ MIT Media Labs ལས་སྡེ་ཚན་ཆ་རོགས་ཚུ་གིས་ འབྲུག་ལུ་ ཐེངས་བཞི་ལྟ་བསྐོར་ལུ་འོང་པའི་མཐར་ ཁོང་ཚུ་གིས་བཏབ་ཡོད་པའི་པར་ཚུ་ལས་ བསྡུ་བསྒྲིགས་འབད་ཡོད་པའི་ འཛམ་གླིང་ནང་ལུ་པར་དེབ་སྦོམ་ཤོས་ ཧ་ལམ་ལྗིད་ཚད་ཀེ་ཇི་ ༦༠ དང་ རྒྱ་ཚད་རིང་ཐུང་ ཕིཊ་ ༧ ཡོད་པའི་པར་དེབ་གཅིག་ ང་བཅས་འབྲུག་རྒྱལ་ཡོངས་དཔེ་མཛོད་ནང་ལུ་ མི་མང་ག་ར་ལུ་འགྲེམས་སྟོན་གྱི་ཚུལ་དུ་བཞག་ཡོདཔ་ཨིན༎
དེ་གིས་མ་ཚད་པར་ ཐོག་ཚད་དང་པའི་ན་ལུ་ངོ་མ་རང་ དབྱིན་སྐད་ནང་བྲིས་ཡོད་པའི་ དེང་སང་གི་དཔེ་དེབ་ཀྱི་རིགས་མ་འདྲཝ་ཚུ་ བཞག་སྟེ་ཡོདཔ་ཨིན། དེའི་རྒྱབ་ལུ་ཡོད་པའི་ མཆོག་བཤམས་ནང་ལུ་ བདག་ཅག་གི་སྟོན་པ་ རྫོགས་པའི་སངས་རྒྱས་ཀྱི་མཛད་རྣམ་ ཁྱད་དུ་འཕགས་པ་བརྒྱད་མཚོན་པའི་ མཆོད་རྟེན་རྣམ་པ་བརྒྱད་བཞུགས་ཡོདཔ་ཨིན། མཆོག་རྟེན་རྣམ་པ་བརྒྱད་ཟེར་མི་འདི་ སངས་རྒྱས་སྐུ་བལྟམས་པ་ པདྨ་སྤུངས་པའི་མཆོད་རྟེན། སངས་རྒྱས་པ་ བྱང་ཆུབ་མཆོད་རྟེན། ཆོས་ཀྱི་འཁོར་ལོ་བསྐོར་བ་ ཆོས་འཁོར་མཆོད་རྟེན། རྫུ་འཕྲུལ་འགྲན་པ་ ཆོ་འཕྲུལ་མཆོད་རྟེན། རྒྱལ་བ་ལྷ་ལས་བབས་པ་ ལྷ་བབས་མཆོད་རྟེན། དགེ་འདུན་པའི་ དབྱེན་ཟླུམ་མཆོད་རྟེན། སྐུ་ཚེ་བྱིན་གྱིས་བརླབས་པ་ རྣམ་རྒྱལ་མཆོད་རྟེན། སྐུ་མྱ་ངན་ལས་འདས་པ་ མྱང་འདས་མཆོད་རྟེན་ཚུ་ཨིན། མཆོད་རྟེན་དེ་ཚུའི་རྒྱབ་ལུ་ འབྲུག་པ་བཀའ་བརྒྱུད་ཀྱི་བླ་མ་སྒྲ་སྒྱུར་མར་པ། རྗེ་བཙུན་མི་ལ། སྒམ་པོ་པ་བསོད་ནམས་རིན་ཆེན། ཕག་མོ་གྲུབ་པ་ཚུ་ལྡེབས་རིས་སུ་བཀོད་དེ་ཡོདཔ་ཨིན༎
དོ་རུང་ དེའི་གཡོན་ཁ་ཐུག་ལུ་ སྤུངས་ན་ཁ་རྫོང་གི་བཟོ་བཀོད་སྦོམ་གཅིག་ཡང་ དཔེ་སྟོན་གི་དོན་ལུ་བཞག་ཡོདཔ་ཨིན
ིན༎
ཐོག་ཚད་གཉིས་པར་
ཐོག་ཚད་གཉིས་པའི་ མཆོད་བཤམས།
དཔེ་མཛོད་ཁང་གི་ སྒྲིང་ཁྱིམ་ཐོག་ཚད་གཉིས་པའི་ནང་ལུ་ ཧི་མ་ལ་ཡན་གྱི་ ནང་པའི་ཆོས་དང་འབྲེལ་བའི་ཆོས་སྐད་ནང་ བྲིས་ཏེ་ཡོད་པའི་དཔེ་ཆ་ཚུ་བསྡུ་ལེན་འབད་དེ་ཡོདཔ་ཨིན། ཁང་མིག་འདི་ནང་ལུ་ བོན་པོ་དང་བཀའ་དམ། ས་སྐྱ། ཇོ་ནང་པ་དང་ ཞྭ་ལུ། དེ་ལས་ དགེ་ལུགས་ཀྱི་གསུང་འབུམ་ཚུ་དང་ གསོ་བ་དང་ རྩིས་ཀྱི་དཔེ་དེབ། བརྡ་ཡིག་གི་དཔེ་ཆ་ཚུ་ བཞུགས་ཏེ་ཡོདཔ་ཨིན༎
དང་པ་རང་ ན་བཟའ་ཧོནམ་གྱིས་སྤུར་ཏེ་ཡོད་པའི་ ཞང་ཞུང་ལས་ཆོས་སྐད་ནང་སྐད་བསྒྱུར་མཛད་ཡོད་པའི་ (ལྷོའི་གཏེར་ལུགས) ཟེར་ བོན་པོའི་བཀའ་འགྱུར་དང་བསྟན་འགྱུར་འདི་བཞུགས་ཡོདཔ་ཨིན། དེ་ཡང་ སྤ་རོ་རྫོང་ཁག་གི་ ཉེ་འདབས་ལུ་ཡོད་པའི་ བྱག་ཕུག་གཅིག་ལས་ ལུག་རྫིཔ་གཅིག་གིས་གཏེར་བཞེས་པའི་ ལོ་རྒྱུས་ཡོདཔ་ཨིན༎
དེའི་གཡོན་ཕྱོགས་ལུ་ ས་སྐྱའི་བླམ་ཚུ་གིས་མཛད་པའི་ས་སྐྱའི་ཆོས་ལུགས་ཀྱི་གསུང་རབ་ ས་སྐྱ་བཀའ་འབུམ་དང་ རྒྱུད་སྡེ་ཀུན་བཏུས། སྒྲུབ་ཐབས་དང་ལམ་འབྲས། དེ་ལས་ ས་སྐྱའི་ཆོས་ལུགས་དང་འབྲེལ་བའི་གསུང་རབ་ཚུ་ ན་བཟའ་ལྗང་ཁུ་གིས་སྤུར་ཏེ་ཡོདཔ་ཨིན། ས་སྐྱའི་ཆོས་ལུགས་ཀྱི་ཕྱག་དཔེ་ཚུ་ལས་ མང་ཤོས་རང་ སྤྱི་ལོ་ ༡༤༢༨ - ༡༥༠༧ ལུ་བྱོན་མི་ ས་སྐྱའི་བླམ་ གསེར་མདོག་པཎ་ཆེན་ ཤཱཀྱ་མཆོག་ལྡན་གྱི་མཛད་ཡོད་པའི་ གསུང་རབ་ཚུ་ཡོདཔ་ལས་ དེ་ཡང་ སྔོན་བོད་ལུ་མངའ་ཁུལ་ཆོས་ལུགས་ཀྱི་བར་ན་ འཁྲུགས་རྩོད་བྱུང་སྟེུ་ ས་སྐྱའི་ཆོས་ལུགས་དང་འབྲེལ་བའི་གསུང་རབ་ཚུ་ རྩ་མེད་བཏང་པའི་སྐབས་ རྗེ་མཁན་ཁྲི་རབས་ ༩ པ་རྒྱལ་བ་ཤཱཀྱ་རིན་ཆེན་མཆོག་གིས་ བོད་ལུ་ཡོད་པའི་ས་སྐྱའི་གསུང་རབ་ཀྱི་འདྲ་ ཕུད་དོ་གཅིག་ལས་ ཁོ་རང་གིས་ཡིག་ཐོག་ལུ་བཀོད་དེ་ རྗེ་ཁོ་རའི་གདན་ས་ ཕ་ཇོ་ལྡིང་འོག་མིན་གཉིས་པའི་ལྷ་ཁང་ནང་ བཞག་གནང་ཡོད་རུང་ ཤུལ་ལས་ ས་སྐྱའི་གསུང་རབ་ཚུ་དེ་ལས་ འདྲ་བཤུས་བརྐྱབས་ཏེ་རྒྱལ་ཡོངས་དཔེ་མཛོད་ཀྱིས་ སྤྱི་ལོ་ ༡༩༧༥ ལོ་ལུ་པར་སྐྲུན་འབད་དེ་ཡོདཔ་ཨིན༎
ས་སྐྱའི་གསུང་རབ་ཀྱི་ཟུར་ཁ་ལུ་ བོ་གདོང་ཆོས་ལུགས་ཀྱི་སྲོལ་གཏོད་པ་པོ་ བོ་གདོང་ཕྱོགས་ལས་རྣམ་རྒྱལ་གྱིས་མཛད་པའི་ ཀུན་ཁྱབ་ཚིག་མཛོད་ཀྱི་གསུང་འབུམ་ པོད་ ༡༠༠ གསོག་འཇོག་འབད་དེ་ཡོདཔ་ཨིན༎
དེའི་རྒྱབ་ཕྱོགས་ཀྱི་མཆོད་བཤམས་འདི་ནང་ལུ་ དུས་རབས་ ༨ པའི་ནང་བྱོན་ཏེ་ གསང་སྔགས་ཀྱི་བསྟན་པ་དར་བར་མཛད་པའི་ སངས་རྒྱས་གཉིས་པ་ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐུ་འདྲ་དང་ ཁ་བཞི་འབྲུག་གི་རྒྱལ་ཁབ་གཅིག་ཏུ་བསྒྲིལ་ཐོག་ ཆོས་སྲིད་ལུགས་གཉིས་ཀྱི་སྲོལ་གཏོད་གནང་མི་ བཀྲིན་མཚུངས་མེད་དམ་པ་ མཐུ་ཆེན་ངག་དབང་རྣམ་རྒྱལ་དང་ གུ་རུ་རིན་པོ་ཆེ་གིས་ སྙིགས་མའི་སེམས་ཅན་ཚུ་ལུ་དམིགས་ཏེ་ ཐུགས་གཏེར་དགོངས་གཏེར་གསང་གཏེར་ལ་སོགས་པ་སྦས་གནང་སྟེ་ ཤུལ་ལས་ཁོ་རའི་ལུང་བསྟན་དང་འཁྲིལ་ཏེ་ རྒྱལ་ཁབ་མཐའ་དབུས་མེད་པ་ལས གཏེར་བཞེས་ཤིང་ས་གཞི་བྱིན་གྱིས་བརླབས་གནང་མི་ གཏེར་སྟོན་པདྨ་གླིང་པའི་སྐུ་འདྲ་ཡང་བཞུགས་ཡོདཔ་ཨིན། དེའི་གཡོན་ལུ་ རྒྱལ་བ་ཀརྨ་པ་སྐུ་ཕྲེང་ ༡༦ པ་གིས་ཞལ་འདིབས་སྦེ་ཕུལ་ཡོད་པའི་ སྡེ་དགེ་མཚལ་པར་བཀའ་འགྱུར་དང་བསྟན་འགྱུར་ཚུ་བཞུགས་ཡོདཔ་ཨིན༎
དེའི་གཡས་ཕྱོགས་ལུ་ ཡོངས་གྲགས་ཅན་གྱི་ཞྭ་ལུའི་བླམ་ བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད་པའི་ གསུང་འབུམ་ཚུ་ཡང་མཁོ་བསྒྲུབས་འབད་དེ་ཡོདཔ་ཨིན༎
ཐོག་ཚད་གསུམ་པར་
དེ་ལས་ ཐོག་ཚད་གསུམ་པའི་ནང་ལུ་ ཆོས་སྐད་ནང་ཡོད་པའི་ རྙིང་མའི་བླམ་ཚུ་གིས་མཛད་པའི་ གསུང་འབུམ་ཚུ་བཞུགས་ཡོདཔ་ཨིན། དེ་གིས་མ་ཚད་པར་ རྙིང་མའི་སྡེ་ཚན་གྱི་ཁོངས་སུ་གཏོགས་པའི་ གལ་གནད་ཅན་གྱི་གསུང་འབུམ་ དཔར་ཐེངས་ཁག་མ་འདྲཝ་སྦེ་བཏབ་ཡོད་པའི་ གསང་སྔགས་ཀྱི་ཕྱག་དཔེ་དང་ རྙིང་མ་བརྒྱུད་འབུམ། དེ་ལས་ པོ་ཏི་ ༡༠༠ ཡོད་པའི་རིན་ཆེན་གཏེར་མཛོད་དང་གཅིག་ཁར་ བོད་དང་འབྲུག་གི་གཏེར་སྟོན་པ་པདྨ་གླིང་པ། རྡོ་རྗེ་གླིང་པ། རདྣ་གླིང་པ།་མྱང་རལ་ཉི་མ་འོད་ཟེར། སངས་རྒྱས་གླིང་པ། རིག་འཛིན་རྒོད་ལྡེམས་པ། རྗེ་བཙུན་སྙིང་པོ། ཀློང་གསལ་སྙིང་པོ། གནམ་ཆོས་མི་འགྱུར་རྡོ་རྗེ། འཇིགས་མེད་གླིང་པ། མཆོག་འགྱུར་གླིང་པ་ཚུ་གི་གཏེར་ལས་བཞེས་པའི་ གཏེར་ཆོས་དང་ དབང་ལུང་དང་འབྲེལ་བའི་བཀའ་མའི་ གསུང་འབུམ་ཚུ་དང་ རྙིང་མའི་བླམ་ རོང་ཟོམ་པཎྜྀ་ཏ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། འཇུ་མི་ཕམ་ལ་སོགས་པ་ཚུ་གིས་མཛད་པའི་ ཕྱག་དཔེ་ག་ར་འདི་ནང་ཡོདཔ་ཨིན༎
དེའི་རྒྱབ་ཁ་ཐུག་གི་ མཆོད་བཤམས་འདི་ནང་ལུ་ རིགས་གསུམ་མགོན་པོའི་སྐུ་འདྲ་ བཞུགས་ཡོདཔ་ཨིན༎
སྟེང་ཐོག་
སྟེང་ཐོག་གི་ མཆོད་བཤམས།
མཇུག་རང་ སྟེང་ཐོག་ནང་ལུ་ འབྲུག་པ་བཀའ་བརྒྱུད་ཀྱི་བླམ་ མི་ལ་རས་པ། རས་ཆུང་པ། སྒམ་པོ་པ། ཕག་མོ་སྒྲུབ་པ། འགྲོ་བའི་མགོན་པོ་གཙང་པ་རྒྱ་རས། ཀུན་མཁྱེན་པདྨ་དཀར་པོ། རྗེ་ཤཱཀྱ་རིན་ཆེན། རྗེ་དགེ་འདུན་རིན་ཆེན་ལ་སོགས་པའི་ རྗེ་མཁན་རིམ་བྱོནཚུ་གི་གསུང་རབ་ཚུ་ མཁོ་བསྒྲུབས་འབད་དེ་ཡོདཔཨིན༎
དེ་གིས་མ་ཚད་པར་ དཔར་ཐེངས་མ་འདྲཝ་ རྒྱ་གར་སཾ་ཀྲི་ཏའི་སྐད་ལས་ བོད་དབུས་གཙང་དག་པའི་སྐད་ལུ་བསྒྱུར་ཡོད་པའི་ བཀའ་འགྱུར་དང་བསྟན་འགྱུར། དེང་སང་གི་པར་སྐྲུན་འབད་ཡོད་པའི་ སྡེ་དགེ་བཀའ་འགྱུར་དང་བསྟན་འགྱུར། ཨུར་དགའ་བཀའ་འགྱུར། ཇ་པཱན་ལུ་ བཏབ་པའི་ཇ་པཱན་བཀའ་འགྱུར། རྒྱ་ནག་ལུ་བཏབ་པའི་ བི་ཇིང་ (Beijing) བཀའ་འགྱུར་དང་བསྟན་འགྱུར། དེ་ལས་ དར་ཐང་སྤྲུལ་སྐུས་ཆོས་སྦྱིན་གནང་བའི་ དར་ཐང་བཀའ་འགྱུར་དང་བསྟན་འགྱུར་དང་ སྔོན་དང་ཕུགས་ཀྱི་བཀའ་འགྱུར་དང་བསྟན་འགྱུར་ ཆ་ཚང་གཅིག་ཡང་བཞུགས་ཏེ་ཡོདཔ་ཨིན༎
དེའི་རྒྱབ་ཕྱོགས་ལུ་ཡོད་པའི་ མཆོད་བཤམས་དེ་ནང་ལུ་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་འདྲ་ཆུང་བ་ གྲངས་ ༤༨ ཀྱིས་བསྐོར་ཏེ་ཡོད་པའི་ སངས་རྒྱས་ཀྱི་འབུར་སྐུ་སྦོམ་གཅིག་ བཞུགས་ཡོདཔ་ཨིན། དེ་ཚུ་གིས་མ་དོ་བར་ ཁང་མིག་དེ་ནང་ལུ་རང་ལུགས་ འབྲུག་ཤོག་བཟོ་ཐངས་དང་ ཤིང་པར་བཏབ་ཐངས་དེ་ལས་ སྨྱུ་གུ་སྲི་ལ་སོགས་པའི་ཅ་ཆས་ཚུའི་དཔེ་མཚོན་བྱེད་ལུ་ འགྲེམ་སྟོན་གྱི་དོན་ལུ་བཞག་ཡོདཔ་ཨིན༎
ཡིག་རྙིང་གཉེར་འཇོག་ཁང་།
དཔེ་མཛོད་ཀྱི་ སྒྲིང་ཁྱིམ་གཙོ་བོ་གི་བྱང་ཁ་ཐུག་ལུ་ ཐོག་ཚད་གཉིས་སྦེ་མིའི་ཡིག་རྙིང་བསྡུ་ཁང་འདི་ འབྲུག་རྒྱལ་ཁབ་ནང་ཤིནྟུ་དཀོན་པའི་ཡིག་ཆའི་རིགས་དང་ གསུང་རབ། དེ་ལས་ཤིང་པར་དང་པར་གྱི་རིགས་ཆ་མཉམ་ དེ་ནང་ཐོ་བཀོད་འབད་དེ་ མ་འོངས་རྒྱུན་སྐྱོང་དོན་ལུ་དམིགས་ཏེ་ གསོག་འཇོག་དང་ཉམས་སྲུང་འཐབ་ཨིན༎
ཧེ་མ་འབད་བ་ཅིན་ གོང་གི་གསུང་རབ་རྙིངམ་མང་ཤོས་རང་ དཔེ་མཛོད་དེ་ནང་བཞགཔ་ཨིན་རུང་ ད་ལྟོ་དེ་ཚུ་ག་ར་ ཡིག་རྙིང་བསྡུ་ཁང་ནང་བསྐྱལ་ཏེ་ ཉེན་སྐྱོབ་དང་ཉམས་སྲུང་འཐབ་ཏེ་ གསོག་འཇོག་འབད་དོ་ཡོདཔ་ཨིན། དེའི་ནང་ལུ་ གསེར་བྲིས་མ་དང་ དང་ཕུགས་ཀྱི་པར་མའི་གསུང་འབུམ་ སྣར་ཐང་དང་ སྡེ་དགེ་བཀའ་འགྱུར་དང་བསྟན་འགྱུར་ཚུ་བཞག་སྟེ་ཡོདཔ་ཨིན༎
རྒྱལ་ཡོངས་ཡིག་རྙིང་གཉེར་འཇོག་ཁང་ངམ་ གཏན་མཛོད་ཁང་འདི་ ཞིབ་འཚོལ་འབད་མི་ཚུ་གིས་ དུས་སྟབས་བཟོ་སྟེ་ དམིགས་བསལ་གྱི་ཡིག་ཆའི་རིགས་ཚུ་བལྟ་ནི་མ་གཏོགས་ མི་དམངས་ག་ར་གི་དོན་ལུ་སྒོ་ཕྱེ་ནི་མེདཔ་ཨིན། གནད་དོན་དེ་ལུ་བརྟེན་ཏེ་ དཀོན་དྲགས་པའི་ཡིག་ཆ་ཚུ་ མི་ཉམས་སྲུང་སྐྱོབ་འབད་བའི་ཐོག་ལས་ མི་དམངས་ག་ར་ལུ་ འབྲུག་རྒྱལ་ཡོངས་དཔེ་མཛོད་ཁང་གིས་ རྒྱལ་ཡོངས་ ཌི་ཇི་ཊལ་དཔེ་མཛོད་ཀྱི་གློག་འབྲེལ་ཐོག་ལས་ དེའི་མཐུན་རྐྱེན་ཐོབ་ཚུགསཔ་བཟོ་ནིའི་འཆར་གཞི་ཡོདཔ་ཨིན༎
རྒྱལ་ཡོངས་ ཡིག་རྙིང་གཉེར་འཇོག་ཁང་གི་སྐོར་ལས་ མང་སུ་…