ཤིང་པར་བརྐོ་ནི།
འབྲུག་ལུ་ཤིང་པར་བརྐོ་ནི་དང་ ཤིང་པར་བཏབ་ནི་འདི་ སྔོན་དང་ཕུགས་ལས་བརྒྱུད་པའི་ལུགས་སྲོལ་བཟང་པོ་གཅིག་ཨིན། དེ་ཡང་ དུས་རབས་ ༡༥ པའི་ནང་ལུ་བྱོན་པའི་ གཏེར་སྟོན་པདྨ་མ་གླིང་པ་མཆོག་གིས་ བུམ་ཐང་ལུ་འབད་ རྒྱལ་ཁབ་ཀྱི་པར་བསྐྲུན་འབད་སའི་ལྟེ་བ་སྦེ་ གཞི་བཙུགས་གནངམ་ལས་བརྟེན་ དུས་ད་ལྟོའི་བར་ཡང་བུམ་ཐང་གཏམ་ཞིང་ལྷ་ཁང་ནང་ལུ་ གཏེར་སྟོན་པདྨ་གླིང་པ་མཆོག་གིས་པར་བརྐོས་གནང་བའི་ ཤིང་པར་ལེབ་གྲངས་ ༦༡༤ ནེ་ཅིག་ཉེན་སྲུང་འབད་དེ་ ཡོདཔ་ཨིན༎
སྔོན་དང་ཕུགས་སྦེ་བ་ཅིན་ འབྲུག་གི་རྫོང་གཞི་དང་དགོན་སྡེ་ཁག་ཚུ་ནང་ལུ་ ཕྱག་དཔེ་པར་བསྐྲུན་གྱི་དོན་ལུ་ ཤིང་པར་ཚུ་མཁོ་བསྒྲུབས་འབད་དེ་ཡོད་རུང་ གདུལ་བྱ་ཚུ་ཁ་རྗེ་བསོད་ནམས་མེད་པའི་དབངགིས་ ཤིང་པར་ཚུ་ དམག་འཁྲུགས་དང་ མེ་རྐྱེན་ལས་བརྟེན་རླགས་བཏང་ནུག ཨིན་རུང་ “བསོད་ནམས་བྲེ་གི་རྫོགས་རུང་ཕུད་ཀྱི་མ་རྫོགས” ཟེར་དོ་བཟུམ་སྦེ་ འབྲུག་རྒྱལ་ཡོངས་དཔེ་མཛོད་ཀྱིས་ ཧེ་མའི་ཤིང་པར་ཚུ་མཐོང་ནི་མེད་རུང་ དེ་ལས་པར་བསྐྲུན་འབད་དེ་ཡོད་པའི་ ཕྱག་དཔེ་ཚུ་ འབྲུག་རྒྱལ་ཡོངས་དཔེ་མཛོད་ནང་ལུ་ གསོག་འཇོག་འབད་དེ་ཡོདཔ་ཨིན༎
གནམ་ལོ་ ༡༩༧༣ ནང་ལུ་ འབྲུག་རྒྱལ་ཡོངས་དཔེ་མཛོད་ཀྱི་མདོ་ཆེན་ སློབ་དཔོན་ནམ་བླམ་པདྨ་ལ་ལུ་ མི་དབང་རྒྱལ་ཡུམ་ཨ་ཞེ་སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ ཤིང་པར་བརྐོ་ནིའི་ལམ་སྲོལ་འདི་ མི་ཉམས་རྒྱུན་སྐྱོང་འབད་དགོ་པའི་ བཀའ་རྒྱ་ཕེབས་བཞིན་དུ་ དུས་དེ་ལས་བཟུང་སྟེ་ མི་དབང་ཨ་ཞེ་གིས་རྒྱབ་སྐྱོར་ཐོག་ལུ་ རྒྱལ་ཡོངས་དཔེ་མཛོད་ཀྱིས་ཤིིང་པར་མཁོ་བསྒྲུབ་འབད་ནི་དང་ བརྐོ་ནི་ཚུ་འགོ་བཙུགས་གནང་ཡོདཔ་མ་ཚད་ ཀུན་མཁྱེན་པདྨ་དཀར་པོའི་བཀའ་འབུམ་ པོ་ཏི་ ༡༢གིས་གཙོས་པའི་གཞན་ཚུ་ཡང་ བརྐོ་དགོ་བཀའ་རྒྱ་ཕེབས་ཡོདཔ་ཨིན༎
འབྲུག་རྒྱལ་ཡོངས་དཔེ་མཛོད་ཀྱི་དགོས་འདོད་དང་འཁྲིལ་ཏེ་ མཁོ་བསྒྲུབས་འབད་ཡོད་པའི་ ཤིང་པར་བརྐོས་ཡོད་པའི་མཚན་ཐོ་གཤམ་གསལ་ལྟར།
ཤིང་པར་བརྐོ་བའི་བསྒང་། ༡
ཤིང་པར་བརྐོ་བའི་བསྒང་། ༢
ཤིང་པར་བརྐོ་འཕྲོ། ༣
- མདོ་མངས། (པར་ཤིང་ལེབ་གྲངས་ ༧༠༠)
- ཀུན་མཁྱེན་པདྨ་དཀར་པོའི་བཀའ་འབུམ། པོ་ཏི་ ༡༣ (པར་ཤིང་ལེབ་གྲངས་ ༧,༣༢༩)
- རྗེ་ཡོན་ཏན་མཐའ་ཡས་ཀྱི་གསུང་འབུམ། (པར་ཤིང་ལེབ་གྲངས་ ༦༡༩)
- རྗེ་འཇམ་དབྱངས་རྒྱལ་མཚན་གྱི་རྣམ་ཐར། (པར་ཤིང་ལེབ་གྲངས་ ༢༢༣)
- རྗེ་ངག་དབང་རྒྱལ་མཚན་གྱི་རྣམ་ཐར། (པར་ཤིང་ལེབ་གྲངས་ ༢༣༤)
- པདྨ་བཀའ་ཡི་ཐང་ཡིག (པར་ཤིང་ལེབ་གྲངས་ ༢༧༤)
- ཀུན་བཟང་བླ་མའི་ཞལ་ལུང་། (པར་ཤིང་ལེབ་གྲངས་ ༢༠༥)
- རྫོགས་པ་ཆེན་པོའི་ཡེ་ཤེས་བླ་མའི་མ་བུ་ལྡེ་མིག (པར་ཤིང་ལེབ་གྲངས་ ༢༧༢)
- བར་དོ་ཐོས་གྲོལ་བསྡུས་པ་དཔེ་ཐུང་། (པར་ཤིང་ལེབ་གྲངས་ ༡༠༩)
- འཕགས་པ་ཐུགས་རྗེ་ཆུན་པོའི་གདམས་ངག་དཔེ་ཐུང་། (པར་ཤིང་ལེབ་གྲངས་ ༡༡)
- འཕགས་པ་ཐུགས་ཆེན་པོའི་དར་ལྕོག (པར་ཤིང་ལེབ་གྲངས་ ༡༥)
- བཀའ་གྱུར་སྙིང་པོ་རོ་ལྕོག (པར་ཤིང་ལེབ་གྲངས་ ༥)
- འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ། (པར་ཤིང་ལེབ་གྲངས་ ༦)
- སྐྱེ་བོ་ལུགས་ཀྱི་བསྟན་བཅོས། (པར་ཤིང་ལེབ་གྲངས་ ༨)
- གཟུངས་ཆེན་སྡེ་ལྔ་བསྡུས་པ། (པར་ཤིང་ལེབ་གྲངས་ ༡)
- བཛྲ་གུ་རུའི་གཟུངས། (པར་ཤིང་ལེབ་གྲངས་ ༡)
- བདེ་གཤེགས་སྤྱིའི་གཟུངས། (པར་ཤིང་ལེབ་གྲངས་ ༡) སྲིན་ཟློག་འཁོར་ལོ་རྩ་བའི་གཟུངས་སྔགས། (པར་ཤིང་ལེབ་གྲངས་ ༡)
- སྲིན་ཟློག་འཁོར་ལོའི་ལས་བྱོར་གཟུངས་སྔགས། (པར་ཤིང་ལེབ་གྲངས་ ༡)
- ཡུལ་འཁོར་གཟུངས། (པར་ཤིང་ལེབ་གྲངས་ ༡)
- བདུད་སྐྲག་གཟུངས། (པར་ཤིང་ལེབ་གྲངས་ ༡)
- བདུད་ཀྱི་ནུས་ཞོམ་གཟུངས། (པར་ཤིང་ལེབ་གྲངས་ ༢)
- མ་ཎི་ བཛྲ་གུ་རུ་ མི་འཁྲུགས་པའི་གཟུངས། (པར་ཤིང་ལེབ་གྲངས་ ༡)
- གཤིན་པོའི་དོན་དུ་ ཞི་ཁྲོ་བཏགས་གྲོལ། (པར་ཤིང་ལེབ་གྲངས་ ༡༡)
- གཤིན་པོའི་དོན་དུ་ མི་འཁྲུགས་པའི་རྒྱ་གྲོལ། (པར་ཤིང་ལེབ་གྲངས་ ༡)
- ཞབས་དྲུང་བླ་མའི་གསོལ་འདེབས། (པར་ཤིང་ལེབ་གྲངས་ ༦)
- རྗེ་འཇམ་དབྱངས་ཀུན་དགའ་སེངྒེའི་གསོལ་འདེབས། (པར་ཤིང་ལེབ་གྲངས་ ༤)
- བླ་མ་ལྔ་བཅུ་པའི་གཞུང་། (པར་ཤིང་ལེབ་གྲངས་ ༤)
- རྗེ་འཇམ་དབྱངས་རྒྱལ་མཚན་གཡི་གསོལ་འདེབས། (པར་ཤིང་ལེབ་གྲངས་ ༣)
- སྨོན་ལམ་ཀུན་བསྡུས། (པར་ཤིང་ལེབ་གྲངས་ ༣)
- དཔལ་ཕྱག་ན་རྡོ་རྗེའི་གཟུངས། (པར་ཤིང་ལེབ་གྲངས་ ༡)
ཤིང་པར་ཐོག་ལུ་ཕྱག་དཔེ་པར་བསྐྲུན་འབད་ནི་འདི་ མཁོ་འདོད་མངགས་མི་དང་འཁྲིལ་ཏེ་ ཕྱག་དཔེ་ཚུ་ འབྲུག་ཤོག་གི་ཐོག་ལུ་པར་བསྐྲུན་འབདཝ་ཨིན། གལ་སྲིད་ཕྱག་དཔེ་དེ་ བཞེས་ནིའི་ཐུགས་འདོད་ཡོད་པ་ཅིན་ རྒྱལ་ཡོངས་དཔེ་མཛོད་ལུ་ མཁོ་འདོད་མངགས་ནི་དང་ཡང་ན་ དཔེ་དེབ་ཚོང་ཁང་ ལས་བཞེས་ཆོག།
གདུག་རླང་སྨན་བཅོས།
དཔེ་མཛོད་འདི་ནང་ལུ་ སྲིན་འབུ་དེ་ཚུ་གིས་གནོད་རྐྱེན་རྐྱབ་མི་ཤིང་པར་ཚུ་ གདུག་རླང་སྨན་བཅོས་ཀྱི་མཐུན་རྐྱེན་དང་ ཕྱག་དཔེ་པར་བསྐྲུན་འབད་མ་བཏུབ་པའི་ཤིང་པར། དེ་ལས་ ཡིག་གཟུགས་ཉམས་ཆག་ཤོར་མི་ཚུ་ ཚབ་མ་བཙུག་ནི་གི་ལཱ་འདི་ དཔེ་མཛོད་ཀྱི་པརཔ་གིས་འབདཝ་ཨིན༎
ང་བཅས་རྒྱལ་ཡོངས་དཔེ་མཛོད་ཀྱིས་ ལྷ་ཁང་དང་དགོན་སྡེ་ཁག་ཚུ་ནང་ཡོད་པའི་ ཤིང་པར་ཚུ་མ་འོངས་པ་ལུ་རྒྱུན་སྐྱོང་འཐབ་ནི་དང་ དེ་ཉེན་སྲུང་འབད་ནིའི་དོན་ལུ་ གདུག་རླང་སྨན་བཅོས་ཀྱི་ཞབས་ཏོག་མཐུན་རྐྱེན་ བྱིནམ་ཨིན༎
འཕྲོ་མཐུད་ ...