ལས་དོན།
འབྲུག་རྒྱལ་གཞུང་གི་སྲིད་བྱུས་དང་འཁྲིལཝ་ད་ ཞིབ་འཚོལ་གྱི་ལཱ་ལུ་ གཙོ་བོར་སྟོན་དགོཔ་འབད་ ལས་འཆར་ཚུ་ཡང་ བརྩམས་ཡོདཔ་བཞིན་དུ་ འབྲུག་རྒྱལ་ཡོངས་དཔེ་མཛོད་ཁང་གི་ ཞིབ་འཚོལ་ལས་ཚན་གྱིས་ གལ་ཆེ་བའི་རྒྱལ་ཡོངས་ཀྱི་ ཆོས་ལུགས་དང་འབྲེལ་བའི་དོན་ཚན་དང་ དཔེ་དེབ་ཀྱི་རིགས་རྒྱ་ཆེན་པོ་འབད་ སྐད་བསྒྱུར་དང་ཞིབ་འཚོལ་ འབད་དང་འབད་ཞིན་ཡོདཔ་ཨིན༎
སྔ་གོང་གི་ལས་དོན་ཚུ།
མཁན་པོ་ཕུན་ཚོགས་བཀྲ་ཤིས་མཆོག་ ཞིབ་འཚོལ་འགོ་དཔོན་འབད་མཛད་བཞུགས་པའི་རིང་ལུ་ དཔེར་ན་ གཞུང་འབུལ་ལག་ལེན་ཟེར་ སྔགས་དང་ གསུང་རབ་དང་འབྲེལ་བའི་ མཆོད་རྟེན་དང་ མཆོད་ཆས་ཀྱི་སྐོར་མང་རབ་ཅིག་ ཞིབ་འཚོལ་འབད་ཡོདཔ་མ་ཚད་ ལྷག་པར་དུ་ཞིབ་འཚོལ་ལས་ཚན་འདི་ནང་མཁས་དབང་ ཀརྨ་དབང་ཕྱུག་དང་
མཁས་དབང་ ཡོན་ཏན་དར་རྒྱས་བྱོན་ཞིནམ་ལས་ཚུར་ དཔེ་མཛོད་ཞིབ་འཚོལ་གྱི་གཏམ་སྙན་ སྒྲིང་སྒྲིང་བཟོ་ནིའི་ དམིགས་གཏད་སྐྱེད་དེ་ཡོདཔ་ཨིན།།
མཁས་དབང་ ཡོན་ཏན་དར་རྒྱས་དང་ ཀརྨ་དབང་ཕྱག་གཉིས་མཉམ་རུབ་ཐོག་ འབྲུག་པ་བཀའ་བརྒྱུད་ཀྱི་ ‘སྔོན་འགྲོའི་ཁྲིད་ཡིག’ དང་ ‘འཕགས་པ་རྒྱལ་བ་ཅན་གྱི་གཟུངས།’ གཉིས་བྱིན་སྐད་ནང་སྐད་སྒྱུར་འབད་དེ་ཡོདཔ་མ་ཚད་ མཁས་དབང་ ཡོན་ཏན་དར་རྒྱས་དང་ སློབ་དཔོན་ཨྱོན་བསྟན་འཛིན་མཉམ་རུབ་ཀྱི་ཐོག་ལས་ དབྱིན་སྐད་དང་རྫོང་ཁ་ཤན་སྦྱར་ཡོད་པའི་ སྒྲིག་ལམ་རྣམ་གཞག་གི་དཔེ་དེབ་གཅིག་ཡང་ བརྩམས་ཏེ་ཡོདཔ་ བཞིན་དུ་ བཞེས་འདོད་ཡོད་པ་ཅིན་ ང་བཅས་དཔེ་མཛོད་ཀྱི་དཔེ་དེབ་ཚོང་ཁང་ནང་ ཡོདཔ་ཨིན༎
མཁས་དབང་ ཡོན་ཏན་དར་རྒྱས་དང་ པི་ཀེ་སོ་རེན་སེན་ (P.K. Sørensen) གིས་དབྱིན་སྐད་ནང་སྐད་སྒྱུར་འབད་དེ་ཡོད་པའི་ ‘ཕ་ཇོ་འབྲུག་སྒོམ་ཞིག་པོའི་རྣམ་ཐར།’ གྱི་དཔེ་དེབ་འདི་ ཌ་ནི་ཌ་ལས་འགུལ་ གྱི་མ་དངུལ་གནང་ཐོག་ལས་ པར་སྐྲུན་འབད་དེ་ཡོད།
ད་ལྟོ་འབད་བཞིན་ཡོད་པའི་ལས་དོན།
སྐད་སྐྱུར་སྒྱུར་དང་པར་སྐྲུན།
ཌེ་ཎི་ཌའི་ལས་འགུལ་ཐེངས་གསུམ་པའི་ཡན་ལག་ནང་ མཉམ་འབྲེལ་གྱི་ཞིབ་འཚོལ་འདི་ མཉམ་འབྲེལ་ལས་འགུལ་གྱི་ ཡན་ལག་ཅིག་ཨིནམ་ལས་བརྟེན་ འབྲུག་རྒྱལ་ཡོངས་དཔེ་མཛོད་ཀྱི་ཞིབ་འཚོལ་པ་དང་ ཀོ་པེཎ་ཧ་གེཎ་ (Copenhagen) རྒྱལ་གཞུང་དཔེ་མཛོད་ཀྱི་ཞིབ་འཚོལ་པ་ཚུ་མཉམ་རུབ་ཀྱི་ཐོག་ལས་ དུས་རབས་ བཅུ་བདུན་པ་དང་ བཅོ་བརྒྱད་པའི་ནང་ རྒྱལ་རབས་ཅན་དང་ གལ་ཅན་གྱི་བྱུང་ཁུངས་ འབྲུག་པའི་གྲུབ་ཐོབ་བྱམས་མགོན་ངག་དབང་རྒྱལ་མཚན་ ༡༦༤༧-༡༧༣༢ གྱི་རྣམ་ཐར་ཤོག་གྲངས་ ༢༣༤ སྦེ་མི་ རྗེ་མཁན་ཁྲི་རབས་དགུ་པ་ ཤཀྱཱ་རིན་ཆེན་གྱིས་མཛད་ཡོད་མི་འདིའི་ ཞིབ་འཚོལ་མཐིལ་ཕྱིན་འབད་དེ་ དབྱིན་སྐད་ནང་ སྐད་བསྒྱུར་འབད་ནིའི་གྲོས་ཐག་བཅད་ཡོདཔ་ཨིན།།
ཌག་ཀྲོར་ ཡོན་ཏན་དར་རྒྱས་དང་ མགོན་པོ་ཚེ་རིང་མཉམ་རུབ་ཐོག་ སྐད་སྒྱུར་གྱི་ཟིན་བྲིས་བཏབ་ཚར་ཏེ་ ད་ལྟོ་ ཌེ་ཎིཤ་ (Danish) གི་ཞིབ་འཚོལ་པ་ པི་ཀེ་སོརེཎསེཎ་ (P.K. Sørensen) གིས་བསྐྱར་ཞིབ་འབད་དེ་ཡོདཔ་ཨིནམ་ལས་ དཔེ་དེབ་འདི་ གནམ་ལོ་ ༢༠༠༧ ལོའི་མཇུག་བསྡུ་ཁམ་ལུ་ པར་སྐྲུན་འབད་ནིའི་རེ་བ་ཡོདཔ་ཨིན༎
བྲིས་མའི་དཔེ་གཟུགས་ནང་ཡོད་པའི་ འབྲུག་གི་རྒྱལ་རབས་འདི་ བུམ་ཐང་བླ་མའི་དགོན་པ་ལས་ཨིན་མི་ ཞིང་གཤེགས་དྲག་ཤོས་ ཕུན་ཚོགས་དབང་འདུས་ཀྱིས་མཛད་ཡོད་མི་འདི་ནང་ འབྲུག་གི་སྔོན་གོང་གི་རྒྱལ་རབས་ཁ་གསལ་ཡོད་པའི་ཁར་ བྱེ་བྲག་ཏུ་ ཆོས་རྗེ་གདུང་བརྒྱུད་ཀྱི་མི་བརྒྱུད་སོགས་ཀྱི་སྐོར་ལས་ ཁུངས་ལྡན་འབད་བཀོད་ཡོད་པའི་རྒྱལ་རབས་འདི་ཡང་ པར་བསྐྲུན་མ་འབད་བར་བཞག་ཡོདཔ་ལས་བརྟེན་ བྲིས་མའི་ཕྱག་དཔེ་འདི་ཡང་ཞུན་དག་འབད་དེ་ གནམ་ལོ་ ༢༠༠༧ ལོ་མཇུག་བསྡུཝ་ད་ པར་བསྐྲུན་འབད་ནི་ཨིན༎
རྒྱལ་ཡོངས་གསུང་རྟེན་བརྟག་ཞིབ།
རྒྱལ་ཡོངས་ནང་དཀོན་མི་དང་ གལ་གནད་ཆེ་བའི་རྩོམ་རིག་དང་ གསུང་རབ་ཀྱི་རིགས་ཚུ་འཚོལ་འཐོབ་སྟེ་ ཉེན་སྲུང་འབད་ནིའི་དོན་ལས་ ཌེ་ན་ཌའི་ལས་འགུལ་གྱི་མ་དངུལ་གནང་ཐོག་ ཞིབ་འཚོལ་སྡེ་ཚན་དང་ འཕྲུལ་རིག་སྡེ་ཚན་གཉིས་མཉམ་རུབ་ཀྱི་ཐོག་ལས་ རྒྱལ་ཁབ་ནང་ དཀོན་དྲག་པའི་དཔེ་ཆ་དང་གསུང་རབ་ཚུ་འཚོལ་བའི་སྒང་ཡོདཔ་ད་ གསུང་རྟེན་བརྟག་ཞིབ་འདི་ནང་ལུ་ ཤིན་ཏུ་དཀོན་པའི་གསུང་རབ་ཀྱི་མཚན་བྱང་དང་ ས་གནས་ཀྱི་ཁ་བྱང་ཁ་གསལ་འབད་ མ་འོངས་པའི་དོན་ལུ་ ཐོ་བཀོད་འབདཝ་ཨིནམ་མ་ཚད་ དམིགས་བསལ་དུ་ ཞིབ་འཚོལ་ལས་ཚན་གྱི་འགན་ཁུར་འདི་ དཀོན་པའི་གསུང་རབ་ཚུ་ངོས་འཛིན་འབད་ནི་དང་ འཚོལ་འཐོབ་པའི་ བྲིས་མ་དང་པར་མའི་དཔེ་ཆའི་དཀར་ཆགས་དང་ ས་གནས་ཀྱི་ཁ་བྱང་གསལ་བཀོདའབད་ནི་དང་ཡང་ན་ དཔེ་ཆ་འདི་ཚུ་ ཕྲ་བའི་གཟུགས་བརྙན་བཏབ་ནིའི་དོན་ལུ་ རྒྱལ་ཡོངས་དཔེ་མཛོད་ཁང་ནང་འབག་འོང་དགོཔ་ཨིན།།
མང་སུ་…
མ་འོངས་འཆར་གཞི།
ལས་དོན་དང་པ་ སྒྲིག་ལམ་རྣམ་གཞག་དཔེ་དེབ་འདི་བསྒྱུར་བཅོས་འབད་ནི།
དཔལ་ལྡན་འབྲུག་པའི་སྒྲིག་ལམ་རྣམ་གཞག་འདི་ བདག་འཛིན་འཐབ་ནི་དང་མི་ཉམས་རྒྱུན་སྐྱོང་འབད་ནི་འདི་ སྲོལ་འཛིན་ལས་ཁུངས་ཀྱི་འགན་ཁུར་གྱི་ཆ་ལག་གཅིག་ཨིན། ད་ལྟོ་ཚུན་ཚོད་སྒྲིག་ལམ་རྣམ་གཞག་གི་དཔེ་དེབ་ ཁག་གཉིས་འབད་ཡོད་མི་འདི་ གཅིག་རྒྱལ་ཡོངས་དཔེ་མཛོད་ཀྱིས་ ཞིབ་འཚོལ་ཐོག་ལས་པར་སྐྲུན་འབད་འབདཝ་དང་ གཞན་མི་འདི་ རྒྱལ་པོའི་གཟིམས་དཔོན་གྱིས་ ཞིབ་འཚོལ་ཐོག་པར་སྐྲུན་འབད་ཡོདཔ་ལས་བརྟེན་ ལྷག་མི་ཚུ་གིས་ དཔེ་དེབ་གཉིས་ཀྱི་བར་ན་ དོན་ཚན་མང་རབས་ཅིག་མ་མཐུནམ་མཐོང་ཡོདཔ་ལས་ དཔེ་དེབ་ག་ལུ་ཆ་བཞག་མ་ཤེས་པའི་དཀའ་ངལ་བྱུང་བའི་ གནད་དོན་དེ་ལས་བརྟེན་ཏེ་ རྒྱལ་ཡོངས་དཔེ་མཛོད་ཀྱི་ཞིབ་འཚོལ་པ་དང་ ཡིག་ཆའི་སྡེ་ཚན་གྱིས་སྒྲིག་ལམ་གྱི་དཔེ་དེབ་དེ་གཉིས་ བསྐྱར་ཞིབ་མཐིལ་ཕྱིན་འབད་དེ་ ཚད་ལྡན་གྱི་དཔེ་དེབ་རྫོང་ཁའི་ནང་བྲིས་ཏེ་ཡོད་མི་གཅིག་ བཏོན་ནིའི་འཆར་གཞི་ཡོདཔ་ཨིན།།
ལས་དོན་གཉིས་པ་ དཀོན་དྲགས་པའི་ཕྱག་དཔེ་ཚུ་ཆོས་སྐད་ལས་རྫོང་ཁའི་ ནང་སྐད་བསྒྱུར་དང་ཞུན་དག་འབད་ནི་།
༡∙ རྒྱལ་པོ་སིན་དྷུ་རཱ་ཛའི་རྣམ་ཐར།
རྒྱལ་པོ་སིན་དྷ་ར་ཛའི་རྣམ་ཐར་འདི་ གུ་རིན་པོ་ཆེའི་སློབ་མ་ རྗེ་འབངས་ཉེར་ལྔའི་ནང་གསེས་ ལྡན་མ་རྩེ་མངས་ཀྱིས་མཛད་ཡོད་པའི་ཕྱག་དཔེ་འདི་ནང་ལུ་ དུས་རབས་བརྒྱད་པའི་ནང་ བུམ་ཐང་ལུ་རྒྱལ་རབས་ཅན་གྱི་མཛད་བྱ་གསལ་ཡོདཔ་ཨིན། འབྲུག་པའི་རྒྱལ་རབས་ནངལུ་ཡང་ རྒྱལཔོ་སི་དྷུ་རཱ་ཛའི་རྣམ་ཐར་འདི་ གལ་ཅན་གཅིག་སྦེ་བཞག་ཡོདཔ་མ་ཚད་ ཤིན་ཏུ་དཀོན་པའི་ཕྱག་དཔེ་འདི་ ཧེ་མ་ནམ་ཡང་པར་བསྐྲུན་མ་འབདཝ་ལས་བརྟེན་ རྫོང་ཁ་ནང་སྐད་བསྒྱུར་འབད་དེ་ སྤྱིར་དཔེ་དེབ་ལྷག་མི་ག་ར་དང་ བྱེ་བྲག་ཏུ་ཞིབ་འཚོལ་པ་ཚུ་ལུ་ཕན་ཐོག་ནིའི་དོན་ལུ་ པར་བསྐྲུན་འབད་ནི་ཨིན༎