English

࿑ འབྲུག་རྒྱལ་ཡོངས་དཔེ་མཛོད།

འབྲུག་རྒྱལ་ཡོངས་དཔེ་མཛོད་དང་ ཡིག་རིགས་གཏན་འཇོག་ཁང་གི་ ཡོངས་འབྲེལ་ནང་ལུ་བྱོན་པ་ལེགས་སོ།

དམིགས་ཡུལ།

དུས་ནམ་རང་སྦེ་རུང་ འཛམ་གླིང་བརྡ་དོན་འཕྲུལ་རིག་གི་ཐབས་རིག་སྣ་ཚོགས་ཚུ་ལུ་བརྟེན་ཏེ་ དཔལ་ལྡན་འབྲུག་པའི་སྔར་སྲོལ་ལམ་ལུགས་བཟང་པོ་ཚུ་གི་སྐོར་ལས་ དངོས་མཐོང་གློག་བརྙན་ཚུ་བལྟ་ནིའི་གོ་སྐབས་ཡོདཔ་བཟོ་ནི་དང་ འཛམ་གླིང་གི་གནས་ཚུལ་ཚུ་འབྲུག་མི་ཡོངས་ལུ་ གོ་བ་བརྡ་སྤྲོད་འབད་ནི་འདི་ འབྲུག་རྒྱལ་ཡོངས་དཔེ་མཛོད་ཀྱི་དམིགས་ཡུལ་ཅིག་ཨིན། དམིགས་ཡུལ་འདི་འགྲུབ་ཐབས་ལུ་ འབྲུག་རྒྱལ་ཡོངས་དཔེ་མཛོད་ཀྱིས་ཁ་ཐུག་ལས་ མ་འོངས་པ་ལུ་འབྲུག་པའི་དངོས་ཁུངས་དང་ལྡན་པའི་ སྒྲ་འཛིན་འཁོར་ལོ་དང་ལམ་སྲོལ་གྱི་གློ་བརྙན་ལ་སོགས་པའི་རིགས་ཚུ་མཁོ་བསྒྲུབ་འབད་དེ་ རྒྱལ་ཡོངས་དང་རྒྱལ་སྤྱིའི་བརྡ་དོན་གྱི་ཐབས་རིག་ཚུ་ནང་ལུ་ འདྲ་མཉམ་འབད་བཟོ་ཚུགས་པའི་འཛུལ་སྒོ་བཟུམ་ཅིག་ བཟོ་ནིའི་རེ་འདོད་དམིགས་གཏད་བསྐྱེད་དེ་ཡོདཔ་ཨིན།།

ལཱ་འགན།

དཔེ་མཛོད་འདི་དབྱིན་ལོ་ ༡༩༦༧ ལོར་གཞི་བཙུགས་གནང་ཞིནམ་ལས་ སྤྱི་ལོ་ ༡༩༨༥ ལོར་ སྲོལ་འཛིན་ལས་ཁུངས་ཀྱི་མངའ་འོག་ལུ་བཙུགས་ནུག།

རྒྱལ་ཡོངས་དཔེ་མཛོད་ཀྱི་ལཱ་འགན་འདི་ཚུ་ཡང་

  •   དཔལ་ལྡན་འབྲུག་པའི་སྔོན་དང་ཕུགས་ཀྱི་ཆོས་ལུགས་དང་འབྲེལ་བའི་རིག་གཞུང་དང་ རྒྱལ་རབས་ཅན་གྱི་ཕྱག་དཔེ་འདྲ་མིན་སྣ་ཚོགས་ཚུ་མཁོ་བསྒྲུབ་འབད་ནི་དང་ སྔར་ཁྱུན་ལམ་ལུགས་སྲོལ་བཟང་པོ་ཚུ་ མི་ཉམས་རྒྱུན་སྐྱོང་འཐབ་ནི།
  •   ཤེས་ཡོན་འཕྲོ་མཐུད་བལྟ་མི་ཚུ་དང་ ཞིབ་འཚོལ་པ་ཚུ་ལུ་ཁུངས་གཏུགས་རྒྱབ་རྟེན་གྱི་ཕྱག་དཔེའི་མཐུན་རྐྱེན་མཁོ་སྤྲོད་འབད་ནི།
  •   དཀོན་དྲག་ཅན་གྱི་ཕྱག་དཔེ་རྙིངམ་ཚུ་དང་དཔར་མ། དེ་ལས་བྲིས་མའི་ཕྱག་དཔེ་ཚུ་ཉེན་སྲུང་དང་རྒྱུན་སྐྱོང་འཐབ་ནི།
  •   སྔར་སྲོལ་ཁ་རྒྱུན་ལས་བརྒྱུད་པའི་སྲུང་ཚུ་དང་རིག་གཞུང་། དེ་ལས་ དེ་དང་འབྲེལ་བའི་ཡིག་ཆ་ཚུ་ཞིབ་འཚོལ་འབད་དེ་ཐོ་བཀོད་བརྐྱབ་ནི།
  •   སྔར་སྲོལ་རིག་གཞུང་གི་ཕྱག་དཔེ་དང་ བརྗོད་དོན་མཚུངས་པའི་ཕྱག་དཔེ་ཚུ་ དཔར་མསྐྲུན་འབད་དེ་གོང་འཕེལ་གཏང་ནི་ཚུ་ཨིན།།

ཡོངས་འབྲེལ་འདིའི་ལམ་སྟོན།

རྒྱལ་ཡོངས་དང་རྒྱལ་སྤྱི་ལུ་ འབྲུག་པའི་སྔར་སྲོལ་བཟང་པོའི་དངོས་མཐོང་གློག་བརྙན་དང་ སྔར་སྲོལ་གྱི་ཡིག་ཆ་རྙིངམ་ཚུ་དཀའ་ཚེགས་མེད་པར་མཐུན་རྐྱེན་ཚུ་ ཐོབ་ནིའི་དོན་ལུ་ ཡོངས་འབྲེལ་འདི་ཐབས་ཤེས་ཆུང་ཀུ་གཅིག་ཨིན།།